《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月27日

ང་ཚོ་ཞི་བདེའི་ཆེད་དུ་ཡོང་བ་ཡིན།

—— ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་གི་འཐུས་མིར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་སྨི་སྨི་དང་ལུའུ་ཏུང་ཧྥང་།

2020ལོའི་ཟླ་9ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《ཀྲུང་གོའི་དམག་དཔུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་པའི་ལོ་ངོ30》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་རེད། རྒྱབ་ཤ་དཀར་པོའི་དེབ་འདིར་གོ་བ་དེ་བས་ཡག་པོ་ལེན་ཆེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཉིན་ཤས་གོང་རང་རྒྱལ་གྱི་ཞི་བདེ་སྲུང་སྐྱོང་དཔོན་དམག་གི་འཐུས་མི་ཁ་ཤས་ལ་ཆེད་མངགས་བཅར་འདྲི་བྱས་ནས་ཞི་བདེ་སྲུང་སྐྱོང་ནང་ཞུགས་མྱོང་བའི་ཁོང་ཚོའི་གཏམ་རྒྱུད་ཉན་པ་ཡིན།

ལེ་དབར་སྟོང་གི་ས་ཐག་ཆོད་ཀྱང་ང་ཚོ་དང་དབུགས་ལམ་གཅིག་ཏུ་སྦྲེལ།

“རྒྱལ་ནང་དུ་དར་རྒྱས་བརྟན་ལྷིང་ཡིན་རུང་ཁྱེད་ཚོ་ཟང་ཟིང་གི་ས་ཁུལ་དེ་ཚོར་བསྐྱོད་ནས་རང་སྲོག་བློས་གཏོང་བྱེད་དགོས་དོན་གང་ཡིན་ཞེས་མི་འགའ་ཞིག་གིས་བསམ་ཤེས་མི་ཐུབ་པའི་ངང་དྲི་གི་འདུག”ཅེས་ཁོང་ཀོ(ཅིན)དང་མ་ལིར་ཞི་བདེ་སྲུང་སྐྱོང་བྱེད་པར་བསྐྱོད་པ་དང་འབྲེལ། ད་ཐེངས་ཀྱི་རྒྱབ་ཤ་དཀར་པོའི་དེབ་རྩོམ་སྒྲིག་གི་ལས་དོན་ནང་ཞུགས་པའི་རྒྱལ་སྲུང་ཚན་རྩལ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཚའེ་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས“‘མི་དེ་བས་མང་བ་དང་ས་ཐག་དེ་བས་རིང་རུང་ང་ཚོ་དང་དབུགས་ལམ་གཅིག་ཏུ་སྦྲེལ་ཡོད’ང་ཚོས་སྒྲུབ་པའི་བྱ་བ་མཐའ་དག་ལས་ཀྲུང་གོའི་དམག་དཔུང་ནི་ཞི་བདེའི་ཆེད་དུ་ཡོང་བ་ཡིན་པ་གང་ལེགས་མངོན་ཐུབ”ཅེས་བརྗོད།

ལེ་པ་ནོན་དང་དབྱི་སི་རལ་གྱི་མཐའ་མཚམས་སུ་ས་འོག་འབར་མདེལ་སྦས་ཡུལ་1000ལྷག་ཙམ་ཡོད་ཅིང་། 2006ལོར། ཕྱི་རྒྱལ་གྱི་ཞི་བདེ་སྲུང་སྐྱོང་དམག་མི་གཉིས་དང་དེ་བཞིན་ས་གནས་དེ་གའི་མི་སེར་མང་པོ་ཞིག་ས་འོག་འབར་མདེལ་འབར་ནས་འཆི་ཡོད། དེ་ནས་བཟུང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་དམག་ཡན་ལག་རུ་ཁག(རྗེས་སུ“ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ནུས་མང་བཟོ་དམག་ཡན་ལག་རུ་ཁག”ཅེས་མིང་སྒྱུར་བ)གིས་ས་གནས་དེ་གར་ས་འོག་འབར་མདེལ་མེད་པ་བཟོ་བའི་ལས་དོན་སྒྲུབ་འགོ་ཚུགས། ལོ་14ཡི་རིང་། ཁོང་ཚོས་སྨི་ངོས་གྲུ་ཁྲི་200ལྷག་ཙམ་ཟིན་པའི་ས་འོག་འབར་མདེལ་སྦས་ཡུལ་དུ་འབར་རྫས་ཁྲི་1.4གཙང་སེལ་གྱི་ལས་དོན་བསྒྲུབས་ཡོད།

ཀའོ་ཁྲའོ་ཉིང་གིས་ད་ཐེངས་ལས་དོན་སྒྲུབ་པའི་ལོ་གཅིག་ལྷག་ཙམ་ནང་། ཁོང་གནས་ཡུལ་ཀྲུང་གོའི་ནུས་མང་བཟོ་དམག་ཡན་ལག་རུ་ཁག་གིས་སྨི་ངོས་གྲུ་10427གྱི་ས་འོག་འབར་མདེལ་སྦས་ཡུལ་དུ་ས་འོག་འབར་མདེལ་1577མེད་པ་བཟོས་པ་དང་། མི་གཅིག་ཀྱང་རྨས་སྐྱོན་ཕོག་མེད་པ་དང་ལས་འཛོལ་གང་ཡང་ཐོན་མེད་པའི་གྲུབ་འབྲས་ཐོག་ནས་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་གཟི་བརྗིད་མཚན་སྙན་མཐོ་ཤོས“དམག་སྤྱིའི་གཟེངས་བསྟོད”ཐོབ་ཡོད་པ་རེད།

“ས་འོག་འབར་མདེལ་སྦས་ཡུལ་ནས་འགྲོ་འོང་བྱེད་སྐབས་ས་གནས་དེ་གའི་དམངས་ཚོགས་ཀྱིས་མགྲིན་གཅིག་ཏུ་ང་ཚོར་ཕྱོགས་ནས‘ཀྲུང་གོ་ཁམས་བཟང’‘ང་ཚོ་ཀྲུང་གོར་དགའ་པོ་ཡོད’ཅེས་བརྗོད་ཀྱི་འདུག”ཅེས་ཀའོ་ཁྲའོ་ཉིང་གིས་བརྗོད།

ཀྲུང་གོ་ནི་འགན་སེམས་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་རེད།

“ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་རེད་ལ། འགན་སེམས་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་དེ་བས་ཀྱང་རེད”ཞི་བདེ་སྲུང་སྐྱོང་གི་ལས་འགན་ནང་ཐེངས་3ཞུགས་པ་དང་འབྲེལ། ཁག་བདུན་པའི་མ་ལིར་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྐུ་སྲུང་ཡན་ལག་རུ་ཁག་གི་རུ་དཔོན་སོགས་ཀྱི་འགན་ཁུར་མྱོང་བའི་ལིའུ་ཡུང་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད།

དང་ཐོག་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་བཟོ་དམག་ཡན་ལག་རུ་ཁག་ནང་ཞུགས་པ་ནས་རང་རྒྱལ་གྱི་ཞི་བདེ་སྲུང་སྐྱོང་རྐང་དམག་གི་ཡན་ལག་རུ་ཁག་ཨང་དང་པོའི་ནང་ཞུགས་པའི་བར། ལིའུ་ཡུང་གིས་ས་གནས་དེ་གའི་སློབ་གྲྭ་སྐྲུན་རོགས་དང་འོས་འགན་སྨན་བཅོས་དང་དེ་བཞིན་ས་གནས་དེ་གའི་ཡུལ་མིར་ཁྲོན་པ་འདྲུ་རོགས་དང་ཚལ་འདེབས་རོགས་སོགས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་གི་ལས་འགན་ནང་མ་ཚུད་པའི“ལས་འགན”མང་དག་ཅིག་ནང་ཞུགས་མྱོང་བའི་སྐོར་གླེང་བྱུང་།

ལྷོ་སུའུ་ཏན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་ཤོག་ཁག་དང་པོ་དང་། གསུམ། ལྔ་པ་བཅས་ནང་ཞུགས་མྱོང་བའི་སྨི་ཤིའུ་ཀང་གིས“ང་ཚོ་སྡོད་སའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱིམ་གཞིས་འགྲམ་དུ་རྩྭ་ངན་ཟང་ཟིང་སྐྱེ་བའི་ཐང་རྒོད་ནས་སྔོ་ལྗང་ལོ་ཏོག་སྐྱེས་པའི་ཞིང་ས་བར་དང་། གྲོང་མི་རྣམས་དངངས་སྐྲག་ཚད་མེད་བྱེད་པ་ནས་དགའ་བདེའི་དཔལ་ལ་རོལ་བའི་བར་འགྱུར་ལྡོག་བྱུང་ཡོད། ས་གནས་དེ་གའི་དམངས་ཚོགས་ཀྱི་བདེ་སྣང་དང་འཚོ་བའི་སྤུས་ཚད་སོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་བས་ང་རང་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་ཚོར་སྣང་ཡོང་གི་འདུག”ཅེས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བཤད། ཐོག་མའི“གོ་མཚོན་བཀག་སྡོམ་ཁུལ”དབྱེ་བ་ནས་གོ་མཚོན་བཀག་སྡོམ་ཁུལ་དུ་སྐོར་གཡེང་བྱེད་པའི་བར་དང་སྲུང་སྐྱོབ་ལས་འགན་ལག་ལེན་བསྟར་ནས་ཐག་རིང་སྐོར་གཡེང་ལག་བསྟར་དང་སྲུང་སྐྱེལ་ལས་འགན་སྒྲུབ་པའི་བར་ཀྲུང་གོའི་དམག་དཔུང་གི་ལས་དོན་སྒྲུབ་སྟངས་ལ་བསྔགས་བརྗོད་བྱེད་མཁན་ས་གནས་དེ་གའི་དམངས་ཚོགས་དེ་བས་མང་དུ་ཕྱིན་ཡོད།

རིམས་འགོག་གི་མིག་དཔེ་བཏོན་ནས་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཆེ་རུ་བཏང་བ།

ད་དུང་མ་ལིའི་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་པར་ཐེངས་གཉིས་སྐྱོད་མྱོང་བའི་སྨན་བཅོས་ཡན་ལག་རུ་ཁག་གི་རུ་དཔོན་ཀྲུའུ་སི་ཆང་ལའང་ཕྱི་རྒྱལ་གྱིས་རང་རེའི་རྒྱལ་ཁབ་ལ་ལྟ་སྟངས་འགྱུར་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

འདི་ལོའི་ལོ་སྟོད་དུ་ཀྲུའུ་སི་ཆང་གིས་ལས་འགན་སྒྲུབ་སྐབས་རྒྱལ་ནང་དུ་ཏོག་གསར་རིམས་ནད་མཆེད་སྒང་རེད། ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལིའི་ཕྱོགས་མང་ཕྱོགས་བསྡུས་བརྟན་ལྷིང་ཆེད་མངགས་ཚོགས་པར(གཤམ་དུ“མཉམ་འབྲེལ་རྒྱལ་ཚོགས་མ་ལིའི་ཆེད་མངགས་ཚོགས་པ”ཞེས་བསྡུ་རྒྱུ)རིམས་འགོག་ཤེས་བྱ་སྒྲོག་འགྲེལ་བྱེད་པར་ཕྱིན་ཡང་སྒྲོག་འགྲེལ་ཡག་པོ་ཐུབ་མེད། ས་གནས་དེ་གའི་མི་མང་པོ་ཞིག་གིས་ཏོག་གསར་རིམས་ནད་ནི“ཆམ་པ་ཚབས་ཆེན”ཙམ་ཞིག་ཡིན་པས་ཡིད་གཟབ་བྱས་ན་དྲག་སྐྱེད་ཡོང་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། བརྟག་དཔྱད་དང་། ལོགས་འཇོག འགོག་སྲུང་བྱེད་ཐབས་བཅས་ལ་མི་མང་པོ་ཞིག་གིས་སྣང་འཇོག་གཏན་ནས་བྱེད་ཀྱི་མེད།

ཟླ་4ཚེས་16ཉིན་འཐབ་ཁུལ་ཤར་མར་གཏན་འཁེལ་ནད་དཔེ་ཐོག་མར་ཐོན་རྗེས། མཉམ་འབྲེལ་རྒྱལ་ཚོགས་མ་ལིའི་ཆེད་མངགས་ཚོགས་པའི་རིམ་གཉིས་སྨན་ཁང་གཉིས་སུ་རིམས་ནད་འགོས་ཚད་གསུམ་ཆ་གཉིས་མགྱོགས་མྱུར་ཟིན་ཏེ་སྨན་ཁང་གི་སྨན་བཅོས་བྱེད་མཚམས་འཇོག་དགོས་འཁེལ་ཡོད། ས་གནས་དེ་གའི་དམངས་ཚོགས་ཀྱིས་དེ་གོང་ཀྲུའུ་སི་ཆང་གིས་ཁོང་ཚོར་རིམས་འགོག་ཤེས་བྱ་སྒྲོག་འགྲེལ་བྱས་པ་གལ་ཆེན་པོ་ཡིན་པ་གཞི་ནས་ཤེས་ཡོད། དེ་དུས་ཁ་རས་སོགས་ཀྱི་འགོག་སྲུང་ཡོ་ཆས་ཚང་མ་ཧབ་ཐོབ་བརྒྱབ་པ་དང་། ཚང་མས་རང་འགུལ་ངང་ཁྱིམ་དུ་ལས་ཀ་བྱས་ནས་ལོགས་སུ་སྡོད་ཀྱི་ཡོད།

“ང་ཚོ་གནས་སའི་ཅ་ཨའོ་གྲོང་ཁྱེར་ནི་མ་ལིའི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡིན། ས་ཁུལ་དེར་རིམ་གཉིས་སྨན་ཁང་གསུམ་ལས་མེད་པ་དང་། ང་ཚོའི་སྨན་ཁང་ནི་རྒྱུན་གཏན་བཞིན་གཉེར་སྐྱོང་ཐུབ་པ་མ་ཟད། ད་དུང་སྨན་དོན་མི་སྣར་རིམས་ནད་གཅིག་ཀྱང་མ་འགོས་པའི་སྨན་ཁང་གཅིག་པུ་དེ་ཡིན། སྨན་བཅོས་ལས་དོན་ཧུར་ཐག་བསྒྲུབས་པ་མ་ཟད། ས་གནས་དེ་གར་རིམས་ནད་ནི་ཚོད་འཛིན་ཐུབ་པ་ཞིག་ཡིན་པའི་མིག་དཔེ་བཏོན་པས། རིམས་ནད་ལས་རྣམ་པར་རྒྱལ་བའི་ཚང་མའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མ་ལིའི་གནད་དོན་གྱི་དམིགས་བསལ་འཐུས་ཚབ་མཉམ་འབྲེལ་རྒྱལ་ཚོགས་མ་ལིའི་ཆེད་མངགས་ཚོགས་པའི་ཚོགས་གཙོ་ཨན་ནཱ་ཏི་ཧྥུའུ་ཡིས་ཆེད་མངགས་ཐུགས་རྗེའི་འཕྲིན་ཡིག་བསྐུར་ནས། ང་ཚོས་ས་གནས་དེ་གའི་རིམས་འགོག་ལས་དོན་ལ་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱས་བྱུང”ཞེས་ཀྲུའུ་སི་ཆང་གིས་སྤོབས་པ་ཆེན་པོས་བརྗོད།

དེ་བས་ལེགས་པའི་ཀྲུང་གོ དེ་བས་ལེགས་པའི་འཛམ་གླིང་།

“ཀྲུང་གོ་འཕེལ་རྒྱས་དེ་བས་ལེགས་པ་ཕྱིན་ན་གཞི་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་འཛམ་གླིང་ཞི་བདེར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ”མཉམ་འབྲེལ་རྒྱལ་ཚོགས་ལྷོ་སུའུ་ཏན་ཆེད་མངགས་ཚོགས་པའི་འཐབ་ཁུལ་གྱི་དམག་སྤྱི་བྱེད་མྱོང་བའི་ཧོ་ཤིང་གིས་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་པའི་ནང་དམག་མི་གཏོང་བ་དང་ཞུགས་པ་ནས་ད་ཆ་ཀྲུང་གོའི་དམག་མི་ནི་ཀྲུང་གོ་དང་ཕྱི་རྒྱལ་དབར་འབྲེལ་བ་བྱེད་པའི་འབྲེལ་ཟམ་གལ་ཆེན་དུ་གྱུར་ཡོད་ཅེས་བཤད།

“དེ་གོང་ཞི་བདེ་སྲུང་སྐྱོང་གི་ལས་འགན་ནང་ཞུགས་པར་གདེང་འཇོག་བཟང་པོ་ཐོབ་པས་ངའི་ལོ་རྒྱུས་མདོར་བསྡུས་ཀུན་ལས་རྣམ་པར་རྒྱལ་བ་ཞིག་ཡོད། གྲུབ་འབྲས་འདི་ནི་ཚང་མས་མཉམ་དུ་འབད་བརྩོན་བྱས་ནས་བྱུང་བ་ཞིག་རེད། ང་འཐབ་ཁུལ་གྱི་དམག་སྤྱིར་བསྐོས་པ་དེ་ཀྲུང་གོའི་དམག་དཔུང་གིས་ཞི་བདེ་སྲུང་སྐྱོང་གི་ལས་འགན་ནང་ཞུགས་ནས་བྱས་རྗེས་མངོན་གསལ་དོད་པོ་བཞག་པ་དང་ཁ་འབྲལ་ཐབས་མེད”ཅེས་ཧོ་ཤིང་གིས་བརྗོད།

ཧོ་ཤིང་གིས་ལས་འགན་ལོ་གཅིག་འགན་འཁུར་རིང་བྱ་སྤྱོད་ཀྱི་ལག་དེབ་ཟམ་མི་ཆད་པར་སྤྲོད་པ་དང་འགོག་སྲུང་རང་བཞིན་གྱི་འགོག་རྒོལ་ཚད་གཞི་ཁྱབ་གདལ་བཏང་སྟེ། “ཞི་བདེའི་དམག་དཔུང”གི་འདུ་ཤེས་མཉམ་སྤྱོད་བྱས་ཡོད། ཁོང་གིས“ངས་ཁོང་ཚོར་ང་ཚོ་འདི་གར་ཡོང་དོན་ནི་ཞི་བདེའི་ཆེད་དུ་ཡིན་པ་ལས་དམག་འཁྲུག་གི་དོན་དུ་མིན་ཞེས་བརྗོད་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

“ཞི་བདེའི་ཆེད་དུ་ཡིན”འདི་ནི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་ལས་འགན་ནང་ཞུགས་པའི་དོན་སྙིང་རེད། མིག་སྔར་ཀྲུང་གོ་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བཀའ་སྒུག་དཔུང་སྡེའི་གྲངས་འབོར་མང་ཤོས་དང་ཡན་ལག་རུ་ཁག་གི་རིགས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན།

(སྒྱུར་ཞུས་པ་རིག་རྡོར་དང་དཀོན་སྒྲོལ)