《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月23日

ཧོ་ཧྥེའི་ཀྲུང་ཡོ་དུས་གཏན་མེ་འཁོར་གཏོང་ཚད་2020ལོར་གཏོང་ཐེངས་400ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་ཟླ་9ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་19ཉིན་འཁྱག་སྒམ་5000བླུགས་པའི་དུས་གཏན་མེ་འཁོར་75008ལ་ཧོ་ཧྥེའི་བབས་ཚུགས་བྱང་མའི་ཟོག་འགྲེམས་རྟེན་གཞི་ནས་ཐོན་ཏེ་ཨུ་རུ་སུའི་མོ་སི་ཁོར་བསྐྱོད་པ་ལས། 2020ལོའི་ཧོ་ཧྥེའི་ཀྲུང་ཡོ་དུས་གཏན་མེ་འཁོར་གཏོང་ཐེངས་400ལས་བརྒལ་བ་མཚོན་གྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ལ་ཁྱོན་སྒམ་ཚད་ལྡན་100བླུགས་ཡོད་པ་དང་དངོས་ཟོག་གི་སྤྱིའི་ལྗིད་ཚད་ཏུན་224.14ཟིན་པ་དེ་ནི་ཁྲང་ཧུང་མའེ་ལིང་མ་རྐང་ཚད་ཡོད་ཀུང་སིས་འཁྱག་སྒམ་ཕྱིར་གཏོང་ལ་ཆེད་མངགས་བཟོས་པའི་མེ་འཁོར་ཡིན་པ་དང་། ཉིན་10ཙམ་སོང་རྗེས་མོ་སི་ཁོར་འབྱོར་རྒྱུ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་9པ་ནས་བཟུང་། ཧོ་ཧྥེའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་ཉིན་རེར་མེ་འཁོར་གཏོང་ཐེངས་4དང་གཟའ་འཁོར་རེར་མེ་འཁོར་གཏོང་ཐེངས་15ཡི་ཟིན་ཐོ་གསར་པ་བཏོད་ཡོད། འདི་ལོ་ཚུན། “མའེ་ཏིས་གློག་ཆས”དང“ཧུད་འར་ཕུའུ་གློག་ཆས”“ཆི་རུའེ་རླངས་འཁོར”སོགས་ཀྱིས་ཆེད་མངགས་བཟོས་པའི་ཧོ་ཧྥེའི་ཀྲུང་ཡོའི་དུས་གཏན་མེ་འཁོར་80ལྷག་ཙམ་སྔ་རྗེས་སུ་བཏང་སྟེ་ཨན་ཧུའེ་ཡི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་མགྱོགས་མྱུར་དང་། སྟབས་བདེ། ལས་ཕྱོད་ཆེ་བ་བཅས་ཀྱི་ཟོག་འགྲེམས་སྐྱེལ་འདྲེན་ཞབས་འདེགས་ཞུས་ཡོད།

མིག་སྔའི་བར་ཧོ་ཧྥེའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་འཇར་མན་གྱི་ཏུའུ་དབྱི་སི་པོ་དང་། འཇར་མན་གྱི་ཧན་པོ། ཨུ་རུ་སུའི་མོ་སི་ཁོ། ཧྥ་རན་སེའི་ཏུར་རི་སོགས་སུ་སྐྱོད་པའི་ལམ་ཐིག་24བཏོད་དེ་འཇར་མན་དང་། ཧྥ་རན་སེ། ཨུ་རུ་སུ་སོགས་རྒྱལ་ཁབ་9ཡི་རྒྱལ་སྤྱིའི་མཚམས་ཚིགས་གྲོང་ཁྱེར་25ལ་འབྱོར་གྱི་ཡོད།