《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月23日

ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དབུ་ཚོགས་ཐོག་ཀྲུང་གོའི་ལངས་ཕྱོགས་མཚོན་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་9ཚེས་30ཉིན་སྐྱེ་དངོས་སྣ་མང་རང་བཞིན་གྱི་དབུ་ཚོགས་འཚོག་རྒྱུ་ཡིན་ཞིང་། ཚེས་21ཉིན་ཕྱི་འབྲེལ་པུའུ་དང་སྣོད་བཅུད་ཁོར་ཡུག་པུའུ་ཡིས་མཉམ་འབྲེལ་ཐོག་དབུ་ཚོགས་ལ་ཀྲུང་གོའི་ལངས་ཕྱོགས་མཚོན་པའི་ཡིག་ཆ《སའི་གོ་ལའི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད། ཀྲུང་གོས་བྱ་སྤྱོད་སྤེལ་བཞིན་ཡོད》ཅེས་པ་ཁྱབ་བསྒྲགས་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་བསམ་ཕྱོགས་དང་། རྒྱལ་ནང་གི་སྲིད་ཇུས་བྱ་ཐབས། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། སྤྱི་ཚོགས་ཡོངས་རྒྱ་ཁྱབ་ཞུགས་པ། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་དང་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་སོགས་ནས་རང་རྒྱལ་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་པའི་ཉམས་མྱོང་ལྡན་པའི་གྲུབ་འབྲས་དང་དེ་བཞིན་ལངས་ཕྱོགས་དང་འདོད་ཚུལ་ཆ་ལག་ཚང་བའི་སྒོ་ནས་རྒྱས་བཤད་བྱེད་རྒྱུ་ཡིན་པ་རེད།

ལངས་ཕྱོགས་མཚོན་པའི་ཡིག་ཆའི་ནང་ཀྲུང་གོས་མུ་མཐུད་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོས་མུ་མཐུད་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་ལ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་གྱི་ལམ་བུ་ཐུན་མོང་ཐོག་དོན་གཉེར་དང་སའི་གོ་ལའི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་མཉམ་སྐྲུན་བྱེད་པར་ཀྲུང་གོའི་བློ་གྲོས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བསྟན་ཡོད།