《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月23日

བུད་མེད་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་མིག་དཔེས་འཛམ་གླིང་ ལ་ཕན་པ་གཏོད་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཉེ་ཞའོ་དབྱང་དང་། ཁྲེན་ཅུན་ཞ།

བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་ཆུ་ཚད་ནི་རྒྱལ་ཁབ་གཅིག་གི་ཤེས་དཔལ་ཆུ་ཚད་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་ཚད་འཇལ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་རེད། བུད་མེད་ལ་བཅིངས་འགྲོལ་དང་ཡར་ཐོན་མེད་ན་མིའི་རིགས་ཀྱི་བཅིངས་འགྲོལ་དང་ཡར་ཐོན་མེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཀྲུང་གོའི་ལག་ལེན་དང་བྱ་ཐབས་ཀྱིས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། རྒྱལ་ཁབ་གཞན་དག་ལའང་མིག་དཔེ་བསྟན་ཡོད།

ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་འཕུར་མཆོང་རླབས་ཆེན་ཁྲོད། ཀྲུང་གོའི་བུད་མེད་ཀྱི་གནས་བབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་ཀྲུང་གོའི་བུད་མེད་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཀྱང་ཀྲུང་གོའི་རྒྱལ་བབ་དང་འཚམ་པའི་བུད་མེད་འཕེལ་རྒྱས་ཀྱི་ལམ་དུ་བདེ་བླག་ངང་བསྐྱོད་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་བྱས་པའི《འདྲ་མཉམ་དང་། འཕེལ་རྒྱས། མཉམ་སྤྱོད། ཀྲུང་གོ་གསར་པའི་ལོ་ངོ་70ཡི་བུད་མེད་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》གྱི་རྒྱབ་ཤ་དཀར་པོའི་དེབ་ནང་བུད་མེད་ཡིག་རྨོངས་བ་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་གི་90%ནས་2017ལོའི་7.3%བར་ཆག་པ་དང་། 2015ལོའི་བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79.4ཟིན་པ་དེ་ཀྲུང་གོ་གསར་པ་དབུ་བརྙེས་སྐབས་ལས་ལོ་42.7མཐོ་རུ་ཕྱིན་པ། 2017ལོར་རྒྱལ་ཡོངས་བུད་མེད་ཀྱི་ལས་ཞུགས་མི་གྲངས་དུང་ཕྱུར་3.4ཟིན་པ་དེ་1978ལོ་ལས་ལྡབ་གཅིག་འཕར་བ། བུད་མེད་སྟོང་ཕྲག་ཙམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱ་སྤྱོད་ལ་ཞུགས་པ་དང་། བུད་མེད་ཕྱི་འབྲེལ་དཔོན་ཁག་གཅིག་གིས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྱབ་ཁོངས་སུ་ལས་ཀ་ཧུར་ཐག་བྱེད་པ་སོགས་ཀྲུང་གོའི་བུད་མེད་ཀྱིས་རྒྱལ་སྤྱིའི་གར་སྟེགས་སུ་ཉམས་འགྱུར་གང་ལེགས་མངོན་པ་དང་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད་ཅེས་བསྟན་ཡོད།

གྲངས་གཞི་མང་པོ་ཞིག་ལས་ཀྲུང་གོའི་བུད་མེད་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དང་། ཀྲུང་གོའི་བུད་མེད་ཀྱི་བྱ་གཞག་བུད་མེད་ལ་ཕན་པ་དེ་བས་མང་བ་འཐོབ་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་དེ་བས་ལེགས་པ། འཕེལ་རྒྱས་ཀྱི་ཆུ་ཚད་དེ་བས་མཐོ་རུ་ཕྱིན་པ་བཅས་ཀྱི་འཕེལ་རྒྱས་དུས་སྐབས་ཡག་ཤོས་སུ་སླེབས་པ་མཚོན་བཞིན་ཡོད།

2020ལོ་ནི་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་25འཁོར་བའི་ལོ་རེད། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《པེ་ཅིང་གི་བསྒྲགས་གཏམ》ནང་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་དང་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་འཐབ་ཇུས་ཀྱི་དམིགས་ཚད་དང་སྲིད་ཇུས་ཀྱི་སྒྲོམ་གཞི་ཆགས་ནས་གོ་ལ་ཧྲིལ་པོའི་བུད་མེད་འཕེལ་རྒྱས་ཀྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་གཏིང་ཟབ་ཐེབས་ནས་རྒྱལ་ཁབ་ཁག་གིས་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་ཆེད་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ལོ་25ཡི་རིང་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་། ཕོ་མོ་འདྲ་མཉམ་གྱི་ངོས་འཛིན་གཅིག་མཐུན་ཉིན་བཞིན་ཆེ་རུ་ཕྱིན་པ། བུད་མེད་འཕེལ་རྒྱས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་སྔར་བས་སྟོབས་དང་ལྡན་པ། བུད་མེད་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་སོགས་ལ་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སེས། དུས་རབས་21པ་འདི་ངེས་པར་དུ་ཕོ་མོ་འདྲ་མཉམ་གྱི་དུས་རབས་ཤིག་ཏུ་འགྱུར་བར་བྱེད་དགོས། མི་ཚང་མས་དམིགས་ཚད་འདི་མངོན་འགྱུར་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་བུད་མེད་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་དང་ལག་གདང་སྦྲེལ་ཞིང་སེམས་པ་གཅིག་ཏུ་བསྒྲིལ་ཏེ་བྱ་སྤྱོད་ཧུར་ཐག་སྤེལ་ནས་གོ་ལ་ཧྲིལ་པོའི་བུད་མེད་བྱ་གཞག་གི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་འདོན་དགོས་ཞེས་ཐེངས་མང་བརྗོད་པ་རེད།