《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月21日

གཞོན་ནུ་ཚོར་རྩལ་ནུས་ཀྱི་གཤོག་ཟུང་བསྒར་བ།

—— བོད་ལྗོངས་ཀྱིས་ལས་རིགས་སློབ་གསོའི་བྱ་གཞག་འཕེལ་རྒྱས་བཏང་བའི་སྐོར་གྱི་ཟུར་བྲིས།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཅན།

འདི་ལོ་ལོ་39ལ་སླེབས་པའི་ཨ་ཐ་མན·ཨའོ་ཨེར་ཀའེ་དབྱི་རྫ་ཆས་ལ་ཧ་ཅང་དགའ་པོ་ཡོད། ལྷག་པར་དུ་འབྲི་གཡག་གི་རུས་རྒྱུ་སྤྱད་ནས་བཟོས་པའི་ཐོན་རྫས་ལ་དེ་བས་དགའ་པོ་ཡོད། ཁྱིམ་རྒྱུད་ཀྱི་ལྟོ་སྣོད་མང་ཆེ་བ་ནི་རྫ་སྣོད་ཡིན་པ་དང་། མང་པོ་ཞིག་ནི་ལེ་དབར་ཁྲི་ཕྲག་ཆོད་པའི་བོད་ལྗོངས་ལྷ་ས་ནས་ཁྱེར་འོང་བ་ཞིག་རེད། རྫ་ཆས་སྟེང་དུ་གུ་གེའི་བྲག་བརྐོས་རི་མོ་དང་། ཆོས་ལུགས་མི་སྣ། གནའ་ཉམས་དོད་པའི་དགོན་སྡེའི་ལྡེབས་རིས་སོགས་བོད་མི་རིགས་ཀྱི་རིག་གནས་ཀྱི་བརྡ་རྟགས་ཇི་མ་ཇི་བཞིན་བཀོད་ཡོད།

བསོད་ནམས་རྒྱ་མཚོའི་རྒྱུན་གཏན་གྱི་ལས་ཀ་ནི་མི་རིགས་ཀྱི་གཞི་རྒྱུ་རྫ་ཆས་སྟེང་འགོད་རྒྱུ་དེ་ཡིན། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནས་ཡིན་པའི་བོད་རིགས་ཕོ་གཞོན་དེ་འདི་ལོའི་ཟླ་དྲུག་པར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་བོད་ལྗོངས་ཁྲེང་ཧྥ་མེ་ཏོག་པད་མ་རིག་གནས་ཚད་ཡོད་ཀུང་སིར་ལས་ཀར་ཞུགས།

“ངའི་ཆེད་ལས་ནི་ཐང་ག་བཞེངས་རྒྱུ་དེ་ཡིན། ལས་ཀ་འདི་བྱས་ན་རང་ཉིད་ཀྱིས་སྦྱངས་པའི་རྩལ་ནུས་ངོམ་ཐུབ་ཀྱི་འདུག”ཁོང་གིས་ང་ལས་མི་དངོས་ལ་བསྒྱུར་ནས་ཡུན་རིང་མ་ཕྱིན་ཡང་། ཐོག་མར་ཟླ་རེར་གླ་ཆ་སྒོར་1800ནས་ད་ཆ་སྒོར་3500ལེན་རྒྱུ་འདུག་ཅེས་བཤད།

བསོད་ནམས་རྒྱ་མཚོ་དང་མཉམ་དུ་ཡོང་བའི་སློབ་གྲོགས་ད་དུང་20ཡོད། ཁོང་ཚོ་ཚང་མ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་ཡིན་ཞིང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་རྣམ་གྲངས་ཀྱིས་ཕན་པ་ཐོབ་ནས་ལས་རིགས་སློབ་གསོ་དང་ལེན་བྱེད་བཞིན་པའི་སློབ་མ་འདི་དག་སློབ་མཐར་མ་ཕྱིན་གོང་ནས་རང་ཉིད་ཀྱི་འགྲོ་ཁུངས་གཏན་འཁེལ་ཟིན་ཞིང་། མིག་སྔར་བོད་ལྗོངས་ཁྲེང་ཧྥ་མེ་ཏོག་པད་མ་རིག་གནས་ཚད་ཡོད་ཀུང་སིས་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་སློབ་ཐོན་སློབ་མ་ཁག་གསུམ་བསྡུས་ཡོད། ལོ་རེར་ཁྱད་ལྡན་རྫ་ཆས་སྣ་ཚོགས་ཁྲི་50ལྷག་ཙམ་ཐོན་སྐྱེད་བྱེད་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི་4000ཙམ་ཟིན་གྱི་ཡོད།

ཐོན་རྫས་བྲིན་ཁ་རྒྱུག་པས་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་བྱེད་སྟངས་ལ་ཐད་ཀར་སྐུལ་འདེད་བཏང་ཡོད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཧྲོའུ་ཁོན་གྱིས། སློབ་གླིང་གིས་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་གཏིང་ཟབ་མཐའ་འཁྱོངས་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་བྱེད་པ། ཐོན་ལས་འཕེལ་རྒྱས་དང་སློབ་མའི་འཇོན་ཐང་གསོ་སྐྱོང་གི་དགོས་མཁོ་དང་ཟུང་འབྲེལ་བཅས་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་གི་ཡོད། མིག་སྔའི་བར་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ཚན་པ་80ལྷག་ཙམ་ཟིན་པ་དང་ཆེད་ལས་ཁྱབ་ཚད་100%ཟིན་ཡོད་ཅེས་བཤད།

སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པ་ནི་བོད་ལྗོངས་ལས་རིགས་སློབ་གསོ་ལོ་མང་རིང་འཕེལ་རྒྱས་བཏང་བའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ལས་རིགས་སློབ་གསོར་བརྟེན་ནས་བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ནས། ས་གནས་དེ་གའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ལོ་21ལ་སླེབས་པའི་གྲགས་པས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་ནས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་ལོག་ནས་ལས་གཏོད་བྱས། ཁོང་གིས་རང་ཉིད་ཀྱིས་སྦྱངས་པའི་གློག་ཀླད་ཤེས་བྱར་བརྟེན་ནས་བོད་ལུགས་ཁྱིམ་ཆས་དང་རྒྱན་སྤྲོས་ཐོན་རྫས་ཇུས་འགོད་དང་བཟོ་བ་མ་ཟད། དབང་པོ་སྐྱོན་ཅན་བཅུ་ལྷག་ཙམ་ལ་གསོ་སྦྱོང་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཡོད། “འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་སྦྱོང་བྱས་པས་ངའི་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་ཕྱིན་སོང་། འབྱུང་འགྱུར་ཁེ་ལས་སྟོབས་ཆེར་བཏང་ནས་མི་དེ་བས་མང་བ་ཕྱུག་འགྱུར་ལམ་དུ་བསྐྱོད་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡིན”ཞེས་ཁོང་གིས་བཤད་པ་རེད།

(རིག་འཛིན་རྡོ་རྗེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)