《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཀྲུང་གོས་དགེ་མཚན་ལྡན་པའི་རིམས་འགོག་ཉམས་མྱོང་མཁོ་འདོན་བྱས་ཏེ་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་པ།

—— འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་རོགས་སྤྱི་ཁྱབ་ཀན་ཧྲི་རེན་མིང་ཧུའེ་ལ་བཅར་འདྲི་བྱས་པ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དམངས་ཡོངས་ཀྱི་བདེ་ཐང་ཁྱབ་ཚད་དང་འགོས་ནད་དང་འགོས་ནད་མ་ཡིན་པའི་ནད་ཡམས་ལས་དོན་གྱི་འགན་འཁུར་བའི་ལས་རོགས་སྤྱི་ཁྱབ་ཀན་ཧྲི་རེན་མིང་ཧུའེ་ཡིས་ཉིན་ཤས་གོང་རི་ནེ་ཝར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་དགེ་མཚན་ལྡན་པའི་ཉམས་མྱོང་མཁོ་འདོན་བྱས་ནས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཧུར་ཐག་ཞུགས་ཏེ་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲིའི་འཁུར་སེམས་མཚོན་ཡོད་པ་དང་། ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཛམ་གླིང་གི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

ཁོང་གིས་ཀྲུང་གོར་རིམས་འགོག་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་དོན་ནི་གཙོ་བོ་རྒྱུ་རྐྱེན་བཞིར་དམ་འཛིན་ལྷོད་མེད་བྱས་པ་སྟེ། གཅིག་ནས་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་བཞག་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་པ་དང་། ཀྲུང་གོས་གོ་རིམ་ལྡན་པའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་དེས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱུན་སྲིང་སྒུལ་ཤུགས་ཐོབ་ཡོད།

གཉིས་ནས་ཚན་རིག་ལ་བརྩི་འཇོག་བྱས་ཤིང་། ཀྲུང་གོ་སྲིད་གཞུང་གིས་སྤྱི་པའི་འཕྲོད་བསྟེན་རིགས་གཅིག་མཁས་ཅན་གྱི་གཞི་རྩའི་ཚན་རིག་དཔྱད་ཞིབ་ལ་མཐོང་ཆེན་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱས་ནས་ཕན་འབྲས་བཟང་པོ་ཐོན་ཡོད།

གསུམ་ནས་རྒྱལ་ཡོངས་སེམས་པ་གཅིག་མཐུན་བྱས་ཤིང་། ཀྲུང་གོ་མི་དམངས་ཀྱི་རིམས་ནད་སྔོན་འགོག་ལ་བྱ་སྤྱོད་གཅིག་གྱུར་དང་ཕྱར་བ་གྲུ་འདེགས་བྱས་ཡོད།

བཞི་ནས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཧུར་ཐག་ཞུགས་ཤིང་། རིམས་ནད་ཐོན་ཚུན་ཀྲུང་གོས་འཕྲལ་མར་ཏོག་དབྱིབས་ནད་དུག་གསར་པའི་རྒྱུད་གཞིའི་རིམ་སྟར་སོགས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། གོ་ལ་ཧྲིལ་པོའི་རིམས་འགོག་ཚན་ཞིབ་ལས་དོན་ལ་ཞུགས་པ། རྒྱལ་ཁབ་གཞན་དག་ལ་དངོས་ཟོག་གི་རྒྱབ་སྐྱོར་དང་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་བཅས་བྱས་ཏེ་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་བཅས་ཀྱི་ངོས་འཛིན་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་དེ་སྔོན་ཀྲུང་གོ་མི་དམངས་ཀྱིས་རྒྱུན་གཏན་གྱི་འཚོ་བ་བློས་གཏོང་བྱས་ཏེ་མིའི་རིགས་ཡོངས་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་དེའི་ཐད་རེན་མིང་ཧུའེ་ཡིས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་སྐབས། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་གང་ཐུབ་བྱས་ཏེ་སྔོན་འགོག་གི་བྱེད་ཐབས་ལག་བསྟར་ནན་པོ་བྱས་ནས་རིམས་ནད་བཀག་འགོག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་འབྱོར་བའི་གློག་འཕྲིན)