《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

སྔོན་ཆད་ཀྱི་གྲམ་ཐང་ནག་པོ་ད་ཆ་གཡུ་གཞོང་དུ་གྱུར་པ།

—— མཚོ་སྔོན་མགོ་ལོག་རྩྭ་ཐང་གི་སྣོད་བཅུད་བཅོས་སྐྱོང་གི་མཐོང་ཐོས།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཀྲན་དབྱི།

ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་ལམ་ཕྲན་དུ་སྦག་སྦག་བཞོན་ནས་སྐྱོད་སྐབས་ལོ་44ལ་སླེབས་པའི་འབྲོག་པ་རྡོ་གྲགས་ལ་བློ་བདེ་བའི་སྐྱིད་སྣང་ཞིག་ཡོང་གི་ཡོད།

“སྔོན་མ་རྩྭ་ཐང་མཛེས་པོ་འདི་འདྲ་མེད། ལོ་བཅུ་ལྷག་ཙམ་གོང་ང་ཚོའི་རྩྭ་ཐང་ལ་གློ་བུར་དུ་གཏོར་སྐྱོན་ཕོག་ནས་སྐྱ་ཐེར་ཐེར་དུ་གྱུར་ཏེ་རྩྭ་རྐང་གཅིག་ཀྱང་སྐྱེ་ཡི་མེད་པས། ནོར་ལུག་ལ་བཟའ་རྒྱུ་གང་ཡང་མེད”ཅེས་རྡོ་གྲགས་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།

རྡོ་གྲགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་འོད་གསལ་ཡུལ་ཚོ་ཤང་བྲག་འཁྱོག་གྲོང་ཚོའི་འབྲོག་པ་རེད། སྐབས་དེ་དུས་གྲམ་ཐང་ནག་པོའི་ཁྱབ་རྒྱ་ཆེ་རུ་སོང་ནས་རྩྭ་ཐང་ཉམས་ཞན་དུ་ཕྱིན་པས་ཁོང་ཁྱིམ་གྱི་ནོར་ལུག་མ་བཙོངས་ཀ་མེད་དུ་གྱུར། ནང་མི་བཞི་དར་ལག་རྫོང་གྲོང་དུ་གནས་སྤོས་ནས་གླ་པ་རྒྱུག་སྟེ་འཚོ་ཐབས་བྱེད་ཀྱི་ཡོད།

གྲམ་ཐང་ནག་པོའི་གནོད་འཚེའི་སྐོར་ལ། མགོ་ལོག་ཀྲོའུ་རྩྭ་ཐང་ལས་དོན་ས་ཚིགས་ཀྱི་ཀྲན་ཀྲང་ཧེ་ཡིའུ་ལུང་ལ་མྱོང་ཚོར་ཟབ་མོ་ཡོད། 2005ལོ་ནས་བཟུང་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་འགོ་བཙུགས་རྗེས་གྲམ་ཐང་ནག་པོའི་བཅོས་སྐྱོང་རྣམ་གྲངས་མགོ་ལོག་སོགས་སུ་རིམ་བཞིན་སྤེལ་འགོ་ཚུགས།

ཚན་རིག་དང་མཐུན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ་ཕུད། གྲམ་ཐང་ནག་པོ་བཅོས་སྐྱོང་ལ་མང་ཚོགས་ཚོ་ཞུགས་པ་དང་ཁ་འབྲལ་ཐབས་མེད། མགོ་ལོག་ཀྲོའུ་དར་ལག་རྫོང་སོགས་སུ་འབྲོག་པ་མང་ཚོགས་ཚོས་རང་ཉིད་ཀྱིས་མ་དངུལ་གྲབས་གསོག་བྱས་ཏེ་རྩྭ་འདེབས་ལག་ཆ་ཉོས་ནས་རང་འགུལ་ངང་གྲམ་ཐང་ནག་པོ་བཅོས་སྐྱོང་གི་ལས་ལ་ཞུགས།

2019ལོ་ནས་བཟུང་མགོ་ལོག་ཀྲོའུ་ཡིས་ད་དུང་མཚོ་སྔོན་གྱི་སྔོན་དུ“རྩྭ་ཐང་སྲུང་སྐྱོང་བའི་ལམ་ལུགས”ལག་ལེན་བསྟར་ཏེ། རྩྭ་ཐང་དོ་དམ་སྲུང་སྐྱོང་དྲ་མིག་ཅན་དང་དོ་དམ་སྲུང་སྐྱོང་དཔུང་ཁག་རྩ་འཛུགས་ཅན་གྱི་ལམ་ལུགས་བཙུགས་ནས་རྩྭ་ར་འགན་གཙང་དང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་སླར་གསོ་དང་དོ་དམ་སྲུང་སྐྱོང་གི་མ་ལག་ནང་བཅུག་ནས་ས་ཁོངས་ཡོངས་སུ་ཁྱབ་པ་དང་། རྩྭ་ཁ་བཀག་འདོམས་དང་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་ལག་ལེན་བསྟར་ནས་རྩྭ་ཕྱུགས་མཉམ་འགུལ་བྱུང་བ། རྩྭ་ཐང་སྣོད་བཅུད་མ་ལག་གི་ཆ་ཚང་རང་བཞིན་དང་ནུས་པའི་རང་བཞིན་ལ་སྲུང་སྐྱོང་དང་སྐུལ་འདེད་ཐུབ་སྟེ། ན་ཁའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་འཕེལ་རྒྱས་གཏོང་སྟངས་དང་རྩྭ་ཐང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ཆ་ཚང་ཞིག་ཆགས་པ་རེད།

ད་ཆ་མགོ་ལོག་ཀྲོའུ་ཡི་གྲམ་ཐང་ནག་པོ་དང་རི་ལྡེབས་ནག་པོ་ཚབས་ཆེ་བའི་དར་ལག་རྫོང་དུ་གྲམ་ཐང་ནག་པོ་མུའུ་ཁྲི་122.46དང་རི་ལྡེབས་ནག་པོ་མུའུ་ཁྲི་7.5བཅོས་སྐྱོང་བྱས་པས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

རྩྭ་ཐང་དེ་བས་མང་བ་སླར་གསོ་ཐུབ་ཆེད། མགོ་ལོག་ཀྲོའུ་ཡིས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ཕྱོཌ་བསྡུས་བཅོས་སྐྱོང་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ནས། གྲམ་ཐང་ནག་པོ་མུའུ་ཁྲི་126དང་རི་ལྡེབས་ནག་པོ་མུའུ་ཁྲི་119བསྐྱར་དུ་བཅོས་སྐྱོང་བྱས་ནས་སྔོ་ཁེབས་ཁྱབ་ཚད་65%ཡན་ཟིན་རྒྱུ་དང་། མུའུ་ཁྲི་139ཡི་ཞན་འགྱུར་དུ་སོང་བའི་རྩྭ་ཐང་ལེགས་བཅོས་བྱས་ནས་སྔོ་ཁེབས་ཁྱབ་ཚད་85%ཡན་ཟིན་པ་བྱེད་རྒྱུ་རེད།

རྩྭ་ཐང་སླར་གསོ་བྱུང་རྗེས། ད་ཆ་རྡོ་གྲགས་ཡང་བསྐྱར་ཕ་ཡུལ་དུ་ལོག་ནས་ནོར་ལུག་འཚོ་བཞིན་ཡོད་པ་དང་། དེའི་ཐོག་རྩྭ་ཐང་དོ་དམ་སྲུང་སྐྱོང་བར་ཟླ་རེ་སྒོར་1800ཡི་གླ་ཆ་ཡོད་པས་རྡོ་གྲགས་ཁྱིམ་ལ་ཡོང་འབབ་བརྟན་པོ་ཡོད་པས་ཁྱིམ་གཞིས་སྲུང་བའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད།