《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

དྲ་ཐོག་སློབ་གསོ་གོ་ལ་ཧྲིལ་པོའི་སློབ་གསོའི་མཉམ་ལས་ཀྱི་ཁ་ཕྱོགས་གསར་པར་གྱུར་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཅེ་ཤིས་ཁ·ཧྲ་ལོ་ཁེ་མན་ནི་ཨ་རིའི་པིན་ཤིས་ཧྥ་ཉི་ཡ་ཀྲོའུ་ཡི་ལས་འགན་གཅིག་ལྕོགས་འཁུར་མཁན་གྱི་དབྱིན་ཡིག་དགེ་རྒན་ཞིག་རེད། དགེ་རྒན་གཞན་དག་དང་མི་འདྲ་བར་ཁོང་གིས་ཀྲུང་གོའི་དྲ་ཐོག་སློབ་གསོའི་ལས་སྟེགས་ཤིག་བརྒྱུད་ནས་ཀྲུང་གོའི་སློབ་མར་དབྱིན་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད། 2017ལོའི་ཟླ་11པ་ནས་བཟུང་ཁོང་གིས་སློབ་ཁྲིད་བྱེད་མྱོང་བའི་ཀྲུང་གོའི་སློབ་མ་500ཡན་ཟིན་ཡོད།

ཨ་རིར་ཧྲ་ལོ་ཁེ་མན་དང་འདྲ་བར་དྲ་ཐོག་ནས་ཀྲུང་གོའི་སློབ་མར་དབྱིན་ཡིག་འཁྲིད་མཁན་ད་དུང་མང་པོ་ཡོད། གྲངས་གཞི་ལས་མངོན་པར། མིག་སྔར་དྲ་ཐོག་སློབ་གསོའི་ལས་སྟེགས་སྣ་ཚོགས་བརྒྱུད་ཀྲུང་གོའི་སློབ་མར་དབྱིན་ཡིག་སློབ་པའི་མེ་གླིང་བྱང་མའི་དགེ་རྒན་ཁྲི་10ཡན་ཡོད་པ་རེད།

ད་ལོའི་ལོ་འགོར་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། སློབ་གྲྭས་སློབ་ཁྲིད་བྱེད་མཚམས་བཞག་སྟེ་དྲ་རྒྱའི་སློབ་ཁྲིད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་དེས་རིམས་ནད་ཀྱི་གནས་ཚུལ་འོག་ལས་ཀ་མཚམས་འཇོག་མི་བྱེད་ཀ་མེད་དམ་ཡང་ན་ལས་ཀ་ཤོར་བའི་ཨ་རིའི་དགེ་རྒན་ལ་ཡོང་འབབ་ཡོང་ཁུངས་དང་འཚོ་བའི་འགན་ལེན་མཁོ་འདོན་བྱས་ཡོད།

ཧྲ་ལོ་ཁེ་མན་གནས་སའི་སློབ་ཁྲིད་ལས་སྟེགས་VIPKIDམཉམ་འབྲེལ་སྲོལ་གཏོད་པ་ཁྲེན་ཡོན་གྱིས་གསར་འགོད་པར། འདི་ལོའི་ཟླ་3པ་དང་4པར། ལས་སྟེགས་དེར་ལས་ཀ་རེ་ཞུ་བྱེད་མཁན་མེ་གླིང་བྱང་མའི་ས་ཁུལ་གྱི་དགེ་རྒན་གྱི་གྲངས་འབོར་ཆེས་ཆེར་འཕར་བ་དང་རང་འགུལ་ངང་ལས་སྟེགས་དྲ་ཚིགས་སུ་ལོ་རྒྱུས་མདོར་བསྡུས་སྐྱེལ་མཁན་དུས་མཚུངས་ལས་ལྡབ་4.6འཕར་ཡོད་པ་རེད། མེ་གླིང་བྱང་མའི་དགེ་རྒན་གྱིས་དྲ་ཐོག་ནས་སློབ་ཁྲིད་བྱས་ཏེ་ཀྲུང་གོའི་སློབ་མ་ཁྲི་བཅུ་ཕྲག་ཁ་ཤས་ལ་ཁྱིམ་དུ་དབྱིན་ཡིག་སློབ་རོགས་བྱས་པ་མ་ཟད། དེ་དང་ཆབས་ཅིག་ད་དུང་དེ་སྔ་ལས་མང་བའི་གླ་ཆ་རག་ནས་རིམས་ནད་ཀྱིས་འཚོ་བར་ཤུགས་རྐྱེན་ངན་པ་བཟོ་ཤུགས་ཆུང་དུ་བཏང་ཡོད་ཅེས་བཤད་པ་རེད།

རིམས་ནད་ཀྱི་ཉམས་སད་ཐེག་པ་བརྒྱུད་དྲ་ཐོག་སློབ་ཁྲིད་གོ་ལ་ཧྲིལ་པོའི་སློབ་གསོའི་ལས་རིགས་ཀྱིས་དོ་ཁུར་བྱེད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་གྱུར་ཡོད། པེ་ཅིང་དུ་འཚོག་བཞིན་པའི་2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་ཐོག་སློབ་གསོའི་ཆེད་དོན་འགྲེམས་སྟོན་ཐོག་མ་དེ་བཙུགས་པར་འགྲེམས་ཞུགས་བཟོ་གྲྭའི་ཚོང་པ་120ལྷག་ཙམ་ཡོད་པའི་ནང་དྲ་ཐོག་སློབ་གསོའི་ཁེ་ལས་གཙོ་ཤུགས་དམག་ཅིག་རེད།