《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

ཀྲུང་གོའི་འཕེལ་རྒྱས་བརྟན་པོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཆེད་དྲང་ནུས་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་པ།

——ཀྲུང་གོར་བཅའ་སྡོད་ཏུར་མེན་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཏུར་ཏེ་ཡེ་ཧྥུར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོར་བཅའ་སྡོད་ཏུར་མེན་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཏུར་ཏེ་ཡེ་ཧྥུའུ་པེ་ཅིང་དུ་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུར་ཞུགས་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཤིང་། ཁོང་གིས་ཏུར་མེན་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་བྱེད་པ་དང་འབྲེལ། ཀྲུང་གོའི་འཕེལ་རྒྱས་བརྟན་པོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཆེད་དྲང་ནུས་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

ཏུར་ཏེ་ཡེ་ཧྥུས། ཏུར་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྔོན་མོའི་ཆུ་ལས་རིང་བ་ཡོད། ནུས་རྒྱུའི་ཁྱབ་ཁོངས་ནི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོ་ཡིན་པ་དང་། ཏུར་མེན་སི་ཐན་ཕྱོགས་ཀྱིས་ནུས་རྒྱུ་གཙང་མ་མཁོ་འདོན་བྱས་པ་བརྒྱུད། ཀྲུང་གོའི་དཔལ་འབྱོར་འཕར་བར་འདེགས་སྐྱོར་བྱས་ནས། “ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་ལྕགས་མདོང་དེ་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་མཐུད་དམ་ཟབ”ཅིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། ཁོང་གིས། ནུས་རྒྱུའི་བགྲོད་ལམ་འདི་ཤར་གཏོང་ཐུབ་རྗེས། རྒྱལ་ཁབ་གཉིས་པོའི་རང་བྱུང་སོལ་རླངས་དབོར་འདྲེན་ལ་འགན་ལེན་ཏན་ཏིག་ཐུབ་རྒྱུ་དང་དུས་མཚུངས། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་གཞན་གྱི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད།

འདི་ལོ་རིམས་འགོག་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་དོ་ཁུར་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཞིང་། ཏུར་ཏེ་ཡེ་ཧྥུས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་རིམས་འགོག་བྱས་པ་བརྒྱུད། རིམས་ནད་ཚོད་འཛིན་ཐུབ་པ་མ་ཟད། ད་དུང་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུ་ལེགས་གྲུབ་ལྡན་པའི་ངང་འཚོགས་ཡོད། དེ་ལས་རིམས་ནད་གནས་ཚུལ་ལེགས་སུ་འགྲོ་བར་རྒྱལ་ཁབ་གཞན་ལ་ཡིད་ཆེས་ཆེན་པོ་བྱུང་ཡོད། “ཁྱེད་ཀྱིས་གཟིགས་དང་། མི་མང་པོ་ཞིག་གིས་འདི་གར་བློ་རྒྱ་ཡངས་པོས་སྤེལ་རེས་དང་གྲོས་བསྡུར་བྱེད་ཀྱི་ཡོད་པས། སེམས་ཁྲལ་གང་ཡང་བྱེད་དགོས་མི་འདུག”ཅེས་བརྗོད་པ་རེད།

ད་དུང་ཏུར་ཏེ་ཡེ་ཧྥུས། རྒྱལ་ཁབ་གཉིས་པོའི་མི་ཆོས་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་པས། ཕྱོགས་གཉིས་པོས་ཡུལ་སྐོར་དང་འགྲེམས་ཚོགས་སོགས་ཀྱི་ཁྱབ་ཁོངས་སུ་ལྟད་མོ་ཆེ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་སློབ་གསོའི་ཁྱབ་ཁོངས་སུ་དེ་བས་རྒྱ་སྐྱེད་ཐུབ་ནས། ཀྲུང་གོ་འདི་ཉིད་ཏུར་མེན་སི་ཐན་གྱི་ན་གཞོན་གྱིས་དགའ་ཤོས་བྱེད་པའི་ཕྱི་སྦྱོང་བྱེད་ཡུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། ཏུར་མེན་སི་ཐན་གྱི་ན་གཞོན་མང་པོ་ཞིག་གིས་ཀྲུང་གོར་ཕྱི་སྦྱོང་དུ་བསྐྱོད་རྒྱུ་གདམ་ག་བྱས་པ་དེས་ཀྱང་ཕྱོགས་གཉིས་པོའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐུབ་ཡོད་ཅེས་བརྗོད་པ་རེད།

ཏུར་ཏེ་ཡེ་ཧྥུས། ཚང་མས་ཤེས་གསལ་ལྟར། ཏུར་མེན་སི་ཐན་དང་ཀྲུང་གོ་ནི་བློས་འགེལ་ཆོག་པའི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཡིན།“འདས་ཟིན་པའི་ལོ་40ཡི་རིང་གི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་ཆེན་པོ་སྐྱེ་ཡི་འདུག ཀྲུང་གོས་སླད་ཕྱིན་མུ་མཐུད་འཕེལ་རྒྱས་བརྟན་པོ་ཧུར་ཐག་བཏང་སྟེ། མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་པ་དང་འབྲེལ། བརྒྱུད་རིམ་དེའི་རིང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཆེད་དྲང་ནུས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།

(པ་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)