《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月12日

དཀར་མཛེས་སྐུན་བུ་གྲོང་ཚོར“ལུད་འདོན་མཁན་གྱི་ཧྲུའུ་ཅི”ཞིག་སླེབས་པ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རྟའུ་རྫོང་སྐུན་བུ་གྲོང་ཚོའི“བརྒྱད་ཅུའི་ནང་སྐྱེས”ཀྱི་ཧྲུའུ་ཅི་དང་པོ་ཞ་ཐེན་ལ་གྲོང་མི་ཚོས་ཆོབ་དང་སྦྲགས“ལུད་འདོན་མཁན་གྱི་ཧྲུའུ་ཅི”ཞེས་འབོད་ཀྱི་ཡོད།

འོན་ཀྱང་། ཞ་ཐེན་གྱིས་དེར་སེམས་འཛིན་གཏན་ནས་བྱེད་ཀྱི་མེད། སྐུན་བུ་གྲོང་ཚོར་སྐྱོད་སྐབས་ཕྱུགས་རའི་ཁ་ཧྥེ་ཁང་དང་། སྒར་རྒྱག་རྟེན་གཞི། ཡུལ་སྐོར་རི་གྲོང་། དེང་རབས་ཞིང་ར་ལ་སོགས་ཡོད་པ་མ་ཟད། མའོ་ཙི་ཆུ་བོ་གྲོང་ཚོའི་དཀྱིལ་ནས་རྒྱུག་པ་དང་། བོད་བཟོའི་སྡོད་ཁང་བཀྲག་མདངས་རབ་ཏུ་འཚེར་བ། མཁར་རྫོང་གི་བཀོད་པ་མཛེས་པ། དེང་རབས་ཅན་གྱི་གསང་སྤྱོད་གཙང་སྦྲ་དོད་པ་བཅས་མཐོང་ཐུབ། གསར་འགོད་པས་ཐེ་ཚོམ་དང་བཅས་ཞ་ཐེན་ལ“ཁྱེད་ལ་ལུད་འདོན་མཁན་གྱི་ཧྲུའུ་ཅི་ཞེས་པའི་མིང་དེ་ཇི་ལྟར་ཐོགས་པ་ཡིན་ནམ”ཞེས་དྲིས།

ཞ་ཐེན་རེ་ཞིག་ལན་ཇི་ལྟར་འདེབས་དགོས་མིན་མ་ཤེས་པར་ལུས། ཁོང་གི་འཁྲིས་ཀྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བཀྲ་ཤིས་ཀྱིས་གསར་འགོད་པར་དེ་སྔ་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་ཞན་པོ་ཡོད་ལ། གྲོང་མིའི་གཙང་སྦྲ་ཡང་དེ་ཙམ་ཡག་པོ་མེད། དཔེར་ན། གྲོང་ཚོའི་ཁྱིམ་ཚང་ཚང་མས་ཁང་པའི་ཟུར་ཞིག་ལ“ལྕོག་ཁང་ཆུང་ཆུང”རེ་རྒྱག་གི་ཡོད། དེ་ནི་ཁྱིམ་ཚང་སོ་སོའི་གསང་སྤྱོད་རེད། ཕྱིའི་བཀོད་པ་མཛེས་རུང་འཁྲིས་སུ་སླེབས་སྐབས་དྲི་ངན་བྲོ་བ་དང་། དབྱར་ཁ་འཆར་རིམ་བཞིན་སྐྱག་སྦྲང་གང་སར་འཕུར་བས། བལྟས་པ་ཙམ་གྱིས་སྐྱུག་བྲོ་བའི་ཚོར་སྣང་སྦྱིན་གྱི་ཡོད།

2018ལོའི་ལོ་མཇུག་ཏུ་ཁྲེང་ཏུའུ་གྲོང་ཁྱེར་ཕེ་ཏུའུ་ཆུས་ནས་ཡིན་པའི་ཞ་ཐེན་གྲོང་ཚོར་སླེབས་རྗེས་སྣང་ཚུལ་དེར་སྒྱུར་བཅོས་བྱ་རྒྱུའི་སེམས་ཐག་བཅད། དང་ཐོག་གྲོང་མི་ཚོས་རྒྱབ་སྐྱོར་མི་བྱེད་པ་མ་ཟད། ལོ་མང་རིང་གོམས་པའི་གསང་སྤྱོད་ལ་སྒྱུར་བཀོད་བྱེད་དོན་མེད་པའི་ལྟ་ཚུལ་བཟུང་གི་ཡོད། གྲོང་མི་ཚོའི་གསང་སྤྱོད་སྒྱུར་བཀོད་བྱེད་པའི་སྤྲོ་སེམས་འཕེལ་བ་བྱ་ཆེད། ཞ་ཐེན་གྱིས་དུད་ཚང་ལྔ་བདམས་ནས་རང་ངོ་མས་གྲོང་མི་ཚོའི་གསང་སྤྱོད་སྒྱུར་བཀོད་བྱས་པ་རེད།

ཁོང་གིས་ཟོག་འགྲེམས་རླངས་འཁོར་ཆུང་ཆུང་ཞིག་བཏང་ནས་ཁྲོམ་རར་འཁྱག་འགོག་སྦུག་ལམ་ཉོ་བར་སོང་བ་དང་། གྲོང་ཚོར་ལོག་སླེབས་རྗེས་ཕུ་ཐུང་བརྫེས་ནས་གྲོང་མིའི་གསང་སྤྱོད་ནང་འཛུལ་ཏེ་སྐྱག་གཅིན་འདོན་གྱི་ཡོད། གསང་སྤྱོད་ནང་འཛུལ་མ་ཐག་པའི་ཞ་ཐེན་དྲི་ངན་བཟོད་མ་ཐུབ་པར་སྐྱུགས་རུང་། ཞ་ཐེན་གྱིས་མུ་མཐུད་གསང་སྤྱོད་འོག་འཛུལ་ནས་སྐྱག་གཅིན་འདོན་འགོ་ཚུགས།

གནས་ཚུལ་དེ་མཐོང་སྐབས་གྲོང་མི་ཚོ་སེམས་ཀྱིས་མ་བཟོད་པར་རོགས་པ་བྱེད་པར་སླེབས། ལོ་70ལྷག་ཙམ་ལ་སླེབས་པའི་གྲོང་མི་ཉི་མས་ཞ་ཐེན་ལ“ཁྱེད་ཀྱིས་སྒྱུར་བཀོད་བྱེད་སྟངས་སློབ་རོགས། ང་ཚོ་སོ་སོའི་གསང་སྤྱོད་སོ་སོས་སྒྱུར་བཀོད་བྱས་ཆོག”ཅེས་བརྗོད།

དུད་ཚང་5ལ་སྒྱུར་བཀོད་བྱས་རྗེས། ཞེ་ཐེན་གྱིས་གྲོང་མི་ཚོ་སྐད་བཏང་ནས་སྒྱུར་བཀོད་བྱས་ཟིན་པའི་གསང་སྤྱོད་ལ་མཉམ་དུ་ལྟ་སྐོར་བྱས། “སྒྱུར་བཀོད་བྱས་པའི་གསང་སྤྱོད་ནས་དྲི་ངན་མི་བྲོ་བ་དང་། སྒྱུར་བཀོད་བྱས་མེད་པའི་གསང་སྤྱོད་ནས་དྲི་ངན་བྲོ་བའི”གནད་དོན་གཉིས་བསྡུར་བ་བྱས་རྗེས། གྲོང་མི་ཚོའི་ལྟ་ཚུལ་ལ་རྦད་དེ་འགྱུར་ལྡོག་ཕྱིན་ནས་གསང་སྤྱོད་སྒྱུར་བཀོད་ལ་ཚང་མས་ངལ་ནུས་བཏོན། དེ་ནས་ཡུན་རིང་མ་སོང་བར་གྲོང་ཚོ་ཡོངས་ཀྱི་གསང་སྤྱོད་ཚང་མ་སྒྱུར་བཀོད་བྱས་ཟིན་པ་རེད།

དེ་རྗེས་གྲོང་ཚོའི་ནང་ཁོར་ཡུག་སྒྱུར་བཀོད་ཀྱི་ལས་གྲྭ་རབ་དང་རིམ་པ་མུ་མཐུད་བྱས་ནས་སྐུན་བུ་གྲོང་ཚོའི་རྣམ་པར་རིམ་བཞིན་འགྱུར་ལྡོག་ཕྱིན་ཡོད། གྲོང་ཚོའི་མི་སེར་གྱིས་དེ་གོང་གི་བ་ཚང་དང་རྟ་ར་དེ་ཚོ་བོད་ཁྱིམ་སྤྲོ་སྐྱིད་ཁང་དང་། གྲོང་ཁྱིམ་མགྲོན་ཁང་། ཇ་ཁང་། ཕ་བུའི་སྤྲོ་རྩེད་ཁང་བཅས་ལ་སྒྱུར་བཀོད་བྱས་པ་དང་སྒོ་ར་ཚང་མའི་ནང་མེ་ཏོག་དང་རྩྭ་བཏབ་ཡོད། “གྲོང་གསེབ་དར་རྒྱས་གོམ་པ་རེ་རེ་བཞིན་སྒྲུབ་དགོས། འབད་བརྩོན་བྱས་ན་ལེགས་སྒྲུབ་ཐུབ་ངེས་རེད”ཅེས་ཞ་ཐེན་གྱིས་བརྗོད།

ཉེ་བའི་ལོ་གཉིས་ནང་། སྐུན་བུ་གྲོང་ཚོར་ཆེད་དུ་ཡུལ་སྐོར་ལ་ཡོང་མཁན་ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་ཉེ་འཁོར་རྫོང་ཁག་གི་དབུལ་སྐྱོར་ལས་བྱེད་པའང་དེ་གར་ལྟ་སྐོར་བྱེད་པར་ཡོང་གི་ཡོད། སྐུན་བུ་གྲོང་ཚོ་ད་ཆ་སྐད་གྲགས་ཆོད་པའི་གྲོང་ཚོ་གྲགས་ཅན་ཞིག་ཏུ་གྱུར་ཡོད།

ད་ལྟ་ཡུལ་སྐོར་བ་སླེབས་རིམ་བཞིན་དེ་གོང་ཞ་ཐེན་གྱིས“ལུད་བཏོན་ནས་གསང་སྤྱོད་སྒྱུར་བཀོད་བྱས་པའི”སྐོར་དེ་ཡུལ་མི་སྤུན་ཟླས་ཡང་ཡང་གླེང་གི་ཡོད།

(ལྷ་དབང་དང་ཚེ་ཁོས་སྒྱུར་ཞུས་བྱས)