《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月12日

བོད་དུ་ལྗོངས་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་དང་སྤྱིར་ན་འཚམ་པའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གྲུབ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55སོང་རིང་། བོད་ཀྱིས་དགེ་རྒན་དཔུང་ཁག་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྒྲོམ་གཞི་གཙོ་བོ་སྤྱིར་ན་གཏན་འཁེལ་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། གྲངས་འབོར་སྤྱིར་ན་འདང་ངེས་ཡོད་པ། གྲུབ་ཆའི་ཆུ་ཚད་སྤྱིར་ན་བོད་ཀྱི་སློབ་གསོ་འཕེལ་རྒྱས་དང་འཚམ་པ་བཅས་ཀྱི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གྲུབ་བཞིན་ཡོད་པ་རེད།

གྲངས་གཞི་ལས་མངོན་གསལ། ན་ནིང་གི་ལོ་མཇུག་བར། བོད་དུ་ལས་ཐོག་དགེ་རྒན་ལས་བཟོ་བ་56513ཡོད་པ་དེ་1965ལོ་ལས་མི་ཁྲི་5ལྷག་ཙམ་མང་དུ་ཕྱིན་པ་དང་། ཆེད་འགན་འཁུར་བའི་དགེ་རྒན་51903ཡོད་པ་དང་། དར་མ་དང་གཞོན་ནུའི་དགེ་རྒན་རྐང་འཛིན་དུ་གྱུར་བ། སློབ་རྒྱུས་མཐོ་བའི་དགེ་རྒན་གྱི་བསྡུར་གྲངས་མང་དུ་ཕྱིན་པ། སློབ་ཞུགས་གོང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་སློབ་བཅས་ཀྱི་དགེ་རྒན་གྱི་སློབ་རྒྱུས་ཚད་ལོན་ཚད་99.62%དང་། 99.94% 99.91% 98.68% 96.41% 99.69%བཅས་སོ་སོར་ཟིན་གྱི་ཡོད་པ་རེད།

བོད་ཀྱི་གཞི་རིམ་ཀྱི་འཐབ་ཕྱོགས་དང་པོའི་ས་ཆ་མང་ཆེ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་གནམ་གཤིས་སྐྱོ་ཙམ་ཡོད་ཅིང་། བོད་ཀྱི་སྤུས་ཚད་མཐོ་བའི་སློབ་གསོ་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི“ཞན་ཆ”དེ་སེལ་ཆེད། 2015ལོར། བོད་ཀྱིས་གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་མཉམ་དུ་ལག་བསྟར་བྱེད་འགོ་བཙུགས་ནས། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་དགེ་རྒན་གྱི་ཀུན་སྤྱོད་ལེགས་སུ་གཏོང་བ་དང་། གྲངས་འབོར་མང་དུ་གཏོང་བ། སྤུས་ཀ་ལེགས་སུ་གཏོང་བ། དོ་དམ་ལ་མཐོང་ཆེན་བྱེད་པ། ཐོབ་ཐང་འགན་ལེན་བྱེད་པ་བཅས་ཀྱི“འདུ་འགོད་ཆེན་པོ་ལྔ”ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། 2016ལོ་ནས་2019ལོ་བར། བོད་དུ་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་ཁྱོན་སྒོར་དུང་ཕྱུར་7དོན་འཁྱོལ་བྱས་པ་དང་། གྲོང་གསེབ་ཀྱི་དགེ་རྒན་ཁྲི་1.93ལ་ཕན་པ་ཐོབ་ཡོད་པ་རེད།

ད་དུང་བོད་ཀྱིས། ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ཁུལ་གྱི་དགེ་རྒན་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་འཆར་གཞི་དང་། གྲོང་གསེབ་ཀྱི་དགེ་རྒན་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་འཆར་གཞི། སློབ་ཞུགས་གོང་གི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་མཐོ་རིམ་ལས་རིགས་དང་ཁ་གཏད་ཀྱི་འཆར་གཞི། དགེ་རྒན་ཤེས་ལྡན་པ་ནང་འདྲེན་གྱི་འཆར་གཞི་སོགས་མུ་མཐུད་ལག་བསྟར་བྱས་ཏེ། “རྒྱུན་གཏན་གྱི་གསོ་སྐྱོང་+ཆེད་དོན་འཆར་གཞི”གཞིར་བཟུང་། 2016ལོ་ནས་2019ལོ་བར་བོད་ཀྱིས་དགེ་འོས་སློབ་མ་ཁྲི་1.7ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། པ་ཚེས་ཞུས)