《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月08日

བོད་ལྗོངས་ཀྱིས་རི་འཛེག་བྱེད་སྒོ་སྤྱི་དམངས་ཡོངས་ལ་སྐུལ་སྤེལ་བཏང་ནས་ལུས་རྩལ་ཐོན་ལས་སླར་གསོ་ཡོང་བར་རམ་འདེགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་ལྗོངས་ལྷོ་སྟོད་རི་འཛེག་བྱེད་སྒོ་དང“མི་ཚེར་གངས་རི་ཐོག་མ”འཛེག་པའི་བྱེད་སྒོ་སྤེལ་མཇུག་འགྲིལ་བ་རེད། ལས་རིགས་ཁག་ནས་ཡོང་བའི་རི་འཛེག་ལ་དགའ་མཁན་31གིས་ས་བབ་མཐོ་ཚད་སྨི་6010ཟིན་པའི་ལྷོ་སྟོད་རི་རྩེར་བདེ་བླག་ངང་འཛེགས་ཐུབ་ཡོད། དེའི་ནང་གི་རི་འཛེག་མཁན་མང་པོ་ཞིག་ནི་གངས་རི་འཛེག་ཐེངས་དང་པོ་རེད།

ད་རེས་ཀྱི་བྱེད་སྒོ་ནི་ཧྭ་ཏ་ལུས་སྦྱོང་ཀུང་སིས་གཙོ་གཉེར་བྱས་པ་དང་རི་འཛེག་པ་ཚང་མ་སྤྱི་ཚོགས་ནས་བསྡུས་པ་ཞིག་རེད། བྱེད་སྒོ་དེ་ནི་བོད་ལྗོངས་གནས་རི་རི་འཛེག་མྱུལ་དཔྱད་ཞབས་ཞུ་ཚད་ཡོད་ཀུང་སིས་ལམ་སྣེ་ཁྲིད་པ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱས་ཏེ། “བདེ་འཇགས་ཨང་དང་པོར་འཇོག་པ་དང་སྐུ་མགྲོན་གོང་དུ་བཀུར་བའི”དམིགས་ཡུལ་མཐའ་འཁྱོངས་བྱས་ནས་ས་བབ་སྨི་8000འཛེག་མྱོང་བའི་ཆེད་ལས་རི་མཐོའི་ལམ་སྣེ་འཁྲིད་མཁན་16བཀོད་སྒྲིག་བྱས་ཡོད། རི་རྩེར་མ་འཛེག་གོང་ལམ་སྣེ་འཁྲིད་མཁན་ཚོགས་པས་ས་བབ་མཐོ་བའི་གངས་རི་འཛེག་པའི་གོ་རིམ་གཞིར་བཟུང་། ས་མཐོའི་ཁོར་ཡུག་ལ་འཚམ་པོ་ཡོང་ཆེད། རུ་སྣེ་ཁྲིད་དེ་ཡར་འབྲོག་གཡུ་མཚོའི་འགྲམ་དང་ཡངས་པ་ཅན་རི་མཐོའི་སྦྱོང་བརྡར་རྟེན་གཞིར་རྐང་ཐང་མའི་ཕྱིར་སྐྱོད་སྦྱོང་བརྡར་བྱས་པ་མ་ཟད། རུ་མི་ཚོར་རི་འཛེག་ཡོ་ཆས་སྤྱོད་སྟངས་གསོ་སྦྱོང་བྱས་པ་རེད།

ལྷ་ས་ནས་རླངས་འཁོར་བཏང་སྟེ་ཆུ་ཚོད་3ལྷག་ཙམ་བསྐྱོད་རྗེས་ལྷོ་སྟོད་རིར་སླེབས་ཀྱི་ཡོད། དེ་གར་རི་འཛེག་ལམ་གངས་རིའི་མཚམས་སུ་ཡོད་པ་དང་། རི་མ་འཛེགས་གོང་ས་བབ་མཐོ་བའི་སྒར་སར་ཞག་སྡོད་བྱེད་དགོས་མེད་པས། གངས་རི་འཛེག་ཐེངས་དང་པོ་ཡིན་པ་ཚོས་འཛེགས་ན་འཚམ་པོ་ཡོད། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་རི་འཛེག་དོ་དམ་སྡེ་ཚན་དང་འབྲེལ་ཡོད་མྱུལ་དཔྱད་ཀུང་སིས་སྤེལ་བའི་མང་ཚོགས་རང་བཞིན་གྱི་རི་འཛེག་བྱེད་སྒོ་སྤེལ་རིང་། ཐོག་མར་རི་འཛེག་མཁན་ཚོས་ལྷོ་སྟོད་རིར་མི་ཚེར་གངས་རི་ཐོག་མར་འཛེག་པའི་ཕུགས་བསམ་མངོན་འགྱུར་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་མང་རིང་བོད་རང་སྐྱོང་ལྗོངས་ཁང་ཕྱིའི་རི་འཛེག་ཐོན་ལས་སུ་ས་བབ་སྨི་8000ལྷག་ཙམ་ཟིན་པའི་ཇོ་མོ་གླང་མ་དང་། ཇོ་བོ་དབུ་ཡག ཤི་ཤ་སྦང་མ་བཅས་ས་བབ་མཐོ་བའི་གངས་རིའི་རི་འཛེག་གཉེར་སྐྱོང་རྣམ་པ་ཞིག་རིམ་གྱིས་གྲུབ་ཡོད། ཉེ་བའི་ལོ་ཤས་རིང་དམངས་ཡོངས་ཀྱི་ལུས་སྦྱོང་དང་ལུས་རྩལ་ཐོན་ལས་གོང་འཕེལ་འགྲོ་བའི་བླང་བྱ་ཉིན་བཞིན་མཐོ་རུ་འགྲོ་བ་དང་བསྟུན་བོད་ལྗོངས་ཀྱིས་རི་འཛེག་གི་ཁང་ཕྱིའི་ཐོན་ལས་དམ་འཛིན་བྱ་གཞིར་བྱས་ཏེ། ས་བབ་དམའ་བའི་གངས་རི་འཛེག་རྒྱུ་ཉམས་ལེན་དུ་བྱེད་པ་དང་ཕྱི་རོལ་དུ་རྐང་ཐང་མར་བསྐྱོད་པ་སོགས་ཀྱི་ལུས་སྦྱོང་སྤྱི་དམངས་ལ་ཁྱབ་གདལ་བཏང་ནས་འབྲེལ་ཡོད་འགྲན་བསྡུར་དང་། བྱེད་སྒོ། ཁེ་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།

བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག ད་ཐེངས་ཀྱི་བྱེད་སྒོར་རི་འཛེག་གི་ཁང་ཕྱིའི་ལུས་སྦྱོང་ལ་བརྟེན་ནས་ས་མཐོའི་ལུས་རྩལ་ཐོན་ལས་སླར་གསོ་ཡོང་བར་རམ་འདེགས་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

ཧྭ་ཏ་ལུས་སྦྱོང་ཀུང་སི་ནི་ཧྭ་ཏ་ཚོཌ་པའི་མངའ་འོག་གི་ཚན་རིག་དང་མཐུན་པའི་སྒོ་ནས་ལུས་སྦྱོང་ལ་མཛུབ་ཁྲིད་བྱེད་པའི་བཀོལ་སྤྱོད་རང་བཞིན་གྱི་སྒྲིག་གཞི་ཞིག་ཡིན། ད་ཐེངས་ཀྱི་བྱེད་སྒོར་ཧྭ་ཏ་ལུས་སྦྱོང་ཀུང་སིས་རི་འཛེག་བྱེད་སྒོའི་ནང་ཞུགས་མཁན་ལ་ཉིན་ལྟར་སྙིང་གི་འཕར་ཚད་དང་ཁྲག་མངར་སོགས་ལ་ལྟ་དཔྱད་ཚད་ལེན་བྱེད་ཀྱི་ཡོད་པ་རེད།

“མི་ཚེར་གངས་རི་ཐོག་མ”འཛེག་པའི་བྱེད་སྒོའི་དུས་ཐེངས་གཉིས་པ་ཟླ་10ཚེས་1ཉིན་ནས་ཚེས་8ཉིན་པར་ལྷོ་སྟོད་རི་རྩེར་སྤེལ་རྒྱུ་རེད།

(རིག་འཛིན་རྡོ་རྗེས་བསྒྱུར། རིག་རྡོར་དང་ཚེ་ཁོས་ཞུས)