《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月08日

གནོད་མེད་ཐོན་སྐྱེད་བརྗོད་དོན་གཙོ་བོར་གྱུར་པ་དང་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ལོ་གསུམ་བསྟུད་མར་ཆག་པ—

གནོད་མེད་སྤུས་རྟགས་བཏོད་པས་འབྲས་སྤུས་ལེགས་བྲིན་ཁ་རྒྱུག་པ།

ཅིས་ལིན་ཡུང་ཅིས་རྫོང་དབན་ཁྲང་གྲོང་ཁྱེར་ཧྲི་ཅ་གྲོང་ཚོའི་སྔོ་ཐིང་ཐིང་གི་འབྲས་ཞིང་དུ་ཀྲང་ཆོན་གྱིས་ཡུར་བྱེད་འཕྲུལ་འཁོར་བཏང་ནས་ཞིང་ནང་དུ་ཡུར་མ་རྒྱག་བཞིན“ང་ཚོའི་འབྲས་ཚང་མ་གནོད་མེད་དང་སྐྱེ་ལྡན་ཤ་སྟག་ཡིན་པས་མགྱོགས་པོ་རྔ་རན་པ་དང་ད་ཆ་འགག་རྩའི་དུས་སྐབས་རེད”ཅེས་བཤད།

ཀྲང་ཆོན་གྱིས་ལོ་འདི་དག་རིང་གནོད་མེད་འབྲས་ལ་བརྟེན་ནས་དེང་རབས་ཞིང་ལས་ཀྱི་སྤུས་རྟགས་བཏོད་དེ་ཁྱིམ་ཚང་ཞིང་ར་བཙུགས་པ་དང་། འབྲུ་རིགས་འདེབས་པའི་ཐབས་ལམ་ཡག་པས། ན་ནིང་ཞིང་རའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་500ཟིན་པ་རེད།

གནོད་མེད་འབྲས་འདེབས་པར་གནོད་མེད་ཞིང་འཕྲུལ་དང་ཁ་འབྲལ་ཐབས་མེད།

ཀྲང་ཆོན་གྱིས“ད་ཆ་ཚང་མའི་འཚོ་བ་ཡག་པོ་ཡོད་སྟབས་ལྟོ་ཆས་གྲོད་པ་རྒྱགས་པ་ཟ་བ་མ་ཟད་དེ་བས་ཡག་པོ་ཟ་གི་ཡོད”དེར་བརྟེན་2004ལོ་ནས་བཟུང་ཁོང་གིས་སྤུས་ལེགས་དང་གནོད་མེད་ཀྱི་འབྲས་བཏབ་ཡོད། “ཞིང་ལས་འཕྲུལ་ཆས་ཅན་ལ་བརྟེན་ནས་རྨོ་འདེབས་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་ཞིང་ལས་ལ་གཏོང་ཆ་གཏོང་ཤུགས་ཆུང་དུ་ཕྱིན་ནས་རང་ཁྱིམ་དུ་གནོད་མེད་འབྲས་འདེབས་ཀྱི་ཡོད”ཅེས་བཤད།

ཞིང་འཕྲུལ་ཅན་གྱིས་གཞི་ཁྱོན་ཅན་ལ་སྐུལ་མ་ཐེབས་ཤིང་། ཀྲང་ཆོན་གྱིས་འབྲུ་རིགས་འདེབས་ཁྱོན་ཇེ་ཆེར་བཏང་ནས། ཉེ་བའི་ལོ་6གི་རིང་ཁོང་གིས་ཧྲི་ཅ་གྲོང་ཚོ་སོགས་གྲོང་ཚོ་4ཡི་ས་ཞིང་མུའུ་4275ཙམ་ནང་བཤུག་བླངས་པ་རེད།

གནོད་མེད་འབྲས་འདེབས་པར་གནོད་མེད་ལག་རྩལ་དང་ཁ་འབྲལ་ཐབས་མེད།

ཀྲང་ཆོན་གྱི་བཟའ་ཟླ་ལི་ཕུང་དབྱིང་གིས“ཏའོ་ཧྭ་ཤང་ཨང་2པ་དང་། ཅིས་འབྲས་ཨང་88པ། ཅིས་འབྲས་ཨང་83པ་སོགས་ཚང་མ་ནི་ངེད་ཚོའི་འདི་གར་འདེབས་པར་འཚམ་པའི་ཆུ་འབྲས་ཀྱི་ས་བོན་རེད”ཅེས་ཁྱིམ་ནོར་བགྲངས་པ་བཞིན་བཤད།

གནོད་མེད་འདེབས་འཛུགས་བྱ་ཆེད་ཞིང་རས་ལོ་ལྟར་སྒྲུབ་པའི་དོན་ཆེན་ཞིག་ནི་ས་སྣོན་རྒྱག་རྒྱུ་དེ་རེད། ན་ནིང་སྟོན་བསྡུ་མཇུག་འགྲིལ་མ་ཐག་ལི་ཕུང་དབྱིང་གིས་བཟོ་པ་སྒྲིག་འཛུགས་བྱས་ཏེ་སང་ལོའི་དཔྱིད་ཀར་སྤྱོད་པའི་ལྗང་བུ་གསོ་བྱེད་ཀྱི་ས་གྲ་སྒྲིག་བྱས་པ་དང་། ཀྲང་ཆོན་གྱིས་ཀྱང་བྲེལ་བརྩོན་ཆེན་པོས་ཞིང་ནང་ནས་ས་བདམས་ཏེ་ཁྲོལ་མ་བརྒྱབ་ནས་སྐམ་རྗེས་གཅིག་གྱུར་ཉར་ཚགས་བྱས་ཏེ་འབུ་ཕྲ་གསོད་པ་དང་འདམ་སོལ་རྒྱག་པ་སོགས་ཀྱི་ལྷུ་ཚིགས་སྔ་སྣུར་ནས་ལེགས་སྒྲུབ་བྱས་པ་རེད།

གནོད་མེད་འབྲས་འདེབས་པར་གནོད་མེད་སྤུས་རྟགས་དང་ཁ་འབྲལ་ཐབས་མེད།

“ངེད་ཁྱིམ་གྱི་ཞིང་ཁར་བཏབ་པ་ནི་དབན་ཁྲང་གི་འབྲས་འཁྲུལ་མེད་རེད”ཀྲང་ཆོན་གྱི་བུ་མོ་ཀྲང་ནན་ནན་ནི་དགུ་བཅུ་པའི་ནང་སྐྱེས་ཤིག་ཡིན་ཞིང་། རང་ཁྱིམ་གྱི་འབྲས་ཀྱི་སྐོར་གླེང་སྐབས་ཁོ་མོས་སྤོབས་སེམས་ཆེན་པོས“འབྲས་རྡོག་འདིར་བལྟས་ཚེ་བཟོ་དབྱིབས་ཁོད་སྙོམས་ལ་འོད་ཁྲུམ་ཁྲུམ་ཞིག་ཡོད”ཅེས་བཤད།

སློབ་ཆེན་ཐོན་རྗེས་ཀྲང་ནན་ནན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་དང་གནོད་མེད་དཔང་རྟགས་ཁས་ལེན་གྱི་འབྲས་ཞིང་མུའུ་2000རེ་ཞུ་བྱས་ཏེ། སྣོད་བཅུད་བཟང་བའི་འདེབས་སྟངས་སྤྱད་དེ། ཞིང་ཁ་འདེབས་པ་དང་ས་ཞིང་གསོ་བ་ཟུང་འབྲེལ་བྱས་ཐོག ཞིང་རའི་འབྲས་ལ་ཁུངས་འདེད་ཐུབ་པ་དང་སྤུས་རྟགས་ཅན་གྱི་གཉེར་སྐྱོང་བྱས་ཡོད། ཞིང་རར་སྒོར་ཁྲི་30བཏང་ནས་མཐོང་ཐུབ་པའི་ཐོན་སྐྱེད་དོ་དམ་དཔེ་དབྱིབས་སྤྱད་དེ་འདེབས་འཛུགས་དང་ལས་སྣོན་གྱི་བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པ་དང་མིག་སྔར་ཞིང་རའི་ཐོན་ཟོག་གཉེར་ཚོང་དྲ་རྒྱ་རྒྱལ་ནང་གི་ཞིང་ཆེན་བཅུ་ལྷག་ཙམ་ལ་ཁྱབ་ཡོད།

གནོད་མེད་ཐོན་སྐྱེད་ཞིང་ལས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་གྱུར་ཅིང་། མིག་སྔར་རྒྱལ་ཡོངས་ཀྱི་ཁེ་ལས་ཁྲི་3.7ཡིས་རྒྱལ་ཁབ་ཞིང་ལས་ཐོན་ཟོག་སྤུས་ཚད་བདེ་འཇགས་ཁུངས་འདེད་ཀྱི་ལས་སྟེགས་སུ་ཐོ་འགོད་བྱས་པ་དང་དོ་དམ་ནང་བཅུག་པའི་ཞིང་ལས་ཐོན་ཟོག་ལ“ཐོབ་ཐང་ལག་ཁྱེར”ཡོད་པ་རེད། རྒྱལ་ཡོངས་ཀྱི་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ལོ་གསུམ་བསྟུད་མར་ཆག་པ་དང་། ཁྱིམ་ཕྱུགས་དང་ཁྱིམ་བྱའི་ལྕི་ལུད་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་75%ཟིན་པ། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་85%ཟིན་པ། ཞིང་ནང་འགྱིག་ཤོག་སྲབ་པོ་ཚུར་བསྡུ་བྱེད་ཚད་80%ཟིན་ཡོད། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་གནོད་མེད་དང་སྤུས་ལེགས་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་གོམ་པ་སྤོས་ནས་ཞིང་ལས་ཐོན་འཕར་ནས་སྤུས་ཚད་ལེགས་སུ་འགྲོ་བའི་ཕྱོགས་སུ་མགྱོགས་མྱུར་སྐུལ་འདེད་བཏང་བས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་བཞིན་ཡོད་པ་རེད། (བསོད་བདེས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)