《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月08日

“ལྷ་སའི་གློ་བར”འཆམ་འཆམ་བྱེད།

འདམ་ར་དང་དེ་ལས་བྱུང་བའི་ས་མཐོའི་འཚོ་བ་སྐྱེལ་སྟངས་ཀྱི་འགྱུར་ལྡོག

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གལ་ཏེ་ཁྱེད་འཚོ་བ་སྐྱེལ་ཡུལ་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ་གཉིས་ཙམ་གྱི་སར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་རིམ་པའི་རང་བྱུང་འདམ་ར་ཞིག་ཡོད་ཚེ་དེ་ནི་ཅི་འདྲའི་ལོངས་སྤྱོད་ཅིག་མ་ཡིན་ནམ། ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་སའི་གྲོང་མི་བུད་མེད་ཁྲེན་གྱིས་རྟག་ཏུ་རང་ཉིད་ཀྱི་གྲོགས་པོ་ཚོར་རང་ཉིད་ནི་བསོད་བདེ་ཆེན་པོ་ཞིག་ཡིན་ཞེས་ངོམ་སོ་བྱེད་ཀྱི་ཡོད་མོད། འོན་ཀྱང་གྲོགས་པོ་ཚོས“མཚོ་བོད་ས་མཐོ་ནི་མཐོ་གྲང་གསོ་རླུང་དཀོན་པའི་ས་ཆ་ཞིག་མ་ཡིན་ནམ། དེར་ད་དུང་འདམ་ར་ཡོད་དམ”ཞེས་ཡིད་ཆེས་བྱེད་ཀྱི་མེད།

ཚེས་5ཉིན་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་2020ལོའི་ལྷ་ཀླུ་འདམ་ར་སྐོར་བའི་མགྱོགས་བགྲོད་རིམ་སྤེལ་བྱེད་སྒོ་ལྷ་སར་སྤེལ་བ་དང་བུད་མེད་ཁྲེན་དང་ལྷ་སའི་གྲོང་མི་400ལྷག་ཙམ་བྱེད་སྒོར་ཞུགས་ཡོད། རྐང་ཐང་ལམ་བརྒྱུད་མི་ཚོས་ལྷ་ས་གྲོང་ཁུལ་གྱི་ནུབ་བྱང་རྒྱུད་དུ་གནས་པའི་འདམ་རའི་མཐའ་ནས་སྐྱོད་སྐབས་གམ་དུ་སྤང་ལྗོངས་སྔོ་ཐིང་ཐིང་དང་། ཆུ་བྱ་འཕུར་ལྡིང་བྱེད་པ། ཆུ་རིས་ཡང་ཡང་འཕྱུར་བ་དང་། ཡར་བལྟས་ཚེ་སྤྲིན་སྨུག་ཁྲོད་ཕོ་བྲང་པོ་ཏ་ལ་འགྱིང་ངེར་གནས་ཤིང་། མིག་རྒྱང་ཧ་ཅང་ཡངས་པོ་ཡོད། མི་ཚོས་འགྲོ་གིན་དུ་པར་རྒྱག་པ་དང་ངལ་དུབ་བྱུང་ཚེ་རྐང་ཐང་ལམ་གཞོགས་གཉིས་ཀྱི་རྐུབ་སྟེགས་སྟེང་ངལ་གསོ་བཞིན་ལམ་ཐག་སྤྱི་ལེ་4ཙམ་ཡུད་ཙམ་དུ་བསྐྱོད་ཟིན།

“ངས་མཛེས་ལྗོངས་མང་པོ་ཞིག་པར་དུ་བླངས་ནས་གྲོགས་ཚོགས་སུ་བསྐུར་ཏེ་ལྷ་སའི་མཛེས་ལྗོངས་ཕྱི་ཕྱོགས་ལ་སྟོན་རྒྱུ་ཡིན”ཞེས་བུད་མེད་ཁྲེན་གྱིས་བཤད།

བུད་མེད་ཁྲེན་གྱིས་ལྷ་ཀླུ་འདམ་རར་ཆ་རྒྱུས་མེད་པ་མིན་ཞིང་། ཁོང་གི་ཕ་མ་གཉིས་ཀ་རྒྱལ་ཁབ་དབུ་བརྙེས་པའི་ཐོག་མའི་དུས་སུ་བོད་དུ་ལས་ཀར་ཡོང་བ་དང་ཁོང་ཡང་ལྷ་སར་སྐྱེས་པ་རེད། བྱིས་དུས་སུ་ཁོང་གིས་ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་རྒྱལ་ནང་གི་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་ཞིག་ཡིན་པ་ཤེས་ཀྱི་མེད། ཁོང་གི་བག་ཆགས་ནང་དེ་ནི་ས་ཐག་རིང་བའི་ས་སྟོང་ཞིག་ཡིན་པ་དང“ཕྲུ་གུ་བུ་ཚོས་སྐབས་རེ་དེ་གར་ཆུ་རྐྱལ་རྒྱག་པར་འགྲོ་གི་ཡོད་མོད། ཡིན་ནའང་ང་ཚོ་གཏན་ནས་འགྲོ་མྱོང་མེད”ཅེས་བཤད།

ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ཀླུ་འདམ་རར་དེ་སྔ་རྩྭ་ཆུ་བཟང་པོ་ཡོད་སྟབས་ཆེད་མངག་འབྲོག་རར་བརྩིས་ནས་བེད་སྤྱོད་པ་དང་རྩྭ་སྨི་གཉིས་ལྷག་ཙམ་སྐྱེ་གི་ཡོད་པ་རེད། འོན་ཀྱང་དུས་རབས་20པའི་ལོ་རབས་80པ་ནས་སྲུང་སྐྱོང་ཁུལ་མ་བཙུགས་པའི་གོང་བར་འདམ་རའི་ཁུལ་དུ་ཕྱུགས་འཚོས་དྲགས་པ་དང་། གོ་རིམ་མེད་པའི་ཡུལ་སྐོར་བྱེད་པ། ས་ཆ་བཟུང་སྤྱོད་སོགས་མིའི་རིགས་ཀྱི་བྱེད་སྒོ་སྤེལ་བའི་དབང་གིས་སྣོད་བཅུད་མ་ལག་ཞན་དུ་ཕྱིན་པ་རེད།

1995ལོར་བོད་རང་སྐྱོང་ལྗོངས་ཀྱིས་ལྷ་ཀླུ་འདམ་ར་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱེད་སྒོ་བཙུགས་པ་དང་1997ལོར་འདམ་རའི་སྣོད་བཅུད་གནས་བབ་དང་དེ་བཞིན་སྤྱི་ཚོགས་དང་། མི་ཆོས་རིག་གནས། ས་ཁམས་སོགས་ཀྱི་དཔྱད་གཞིའི་རྟོག་ཞིབ་དང་འཚོལ་བསྡུའི་ལས་དོན་ལེགས་གྲུབ་ཟིན་པ་རེད། 1999ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་ཀླུ་འདམ་རར་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད། 2004ལོར་སྲུང་སྐྱོང་ཁུལ་འདི་ཉིད་རྒྱལ་ཁབ་རིམ་པར་རིམ་སྤོར་བྱས་པ་དང་2010ལོར་བོད་ཀྱིས《ལྷ་ས་གྲོང་ཁྱེར་ལྷ་ཀླུ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག》བཏོན་པ་རེད།

ལོ་དེ་དག་རིང་བུད་མེད་ཁྲེན་གྱིས་ཀྱང་འདམ་རར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དོ་སྣང་བྱུང་བ་སྟེ། ཚལ་ཁྲོམ་ཐར་ཐོར་དང་ཁང་པ་གོག་ཧྲུལ་དེ་དག་བཤིག་པས་ལྗང་མདོག་སྔོ་ཁེབས་དང་ཆུ་ཁོངས་སླར་ཡང་ཡུག་སྦྲེལ་དུ་ཆགས་པ་དང་ཁོང་གིས“ལམ་དེ་བརྒྱུད་སྐབས་མཁའ་རླུང་གི་བཞའ་ཚན་ཆེ་རུ་ཕྱིན་པ་མ་ཟད་དབུགས་ཀྱང་འབྱིན་རྔུབ་བྱེད་བདེ་པོ་འདུག”ཅེས་བཤད།

“ལྟེ་བའི་ཁུལ་གྱི་ཁྱིམ་དུད་གནས་སྤོ་དང་། ཆུ་ཡུར་གྱི་སྣོད་བཅུད་སླར་གསོ། འདམ་རའི་སིམ་འགོག་ལས་གྲྭ ཆུ་ཡུར་གཙང་སེལ་ལས་གྲྭ་སོགས་དུས་ཐེངས་གསུམ་གྱི་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་ལྷ་ཀླུ་འདམ་རའི་སྣོད་བཅུད་སླར་གསོ་བྱུང་ཡོད། འདམ་རས་གྲོང་ཁྱེར་གྱི་མཁའ་རླུང་སྙོམས་སྒྲིག་དང་། གསོ་རླུང་ཁ་གསབ། ཆུ་འགོ་གསོ་འཁྱོངས། ཆུ་གསོག་འབྲུབ་འགོག ས་འོག་ཆུ་དོ་སྙོམས་སོགས་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད”ཅེས་ཉི་མ་རྡོ་རྗེས་ངོ་སྤྲོད་བྱས། མིག་སྔར་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་12.2ཙམ་ཟིན་པ་དེ་ཉིའུ་གཡོད་ཀྱི་ཀྲུང་དབྱང་སྤྱི་གླིང་གསུམ་དང་ཕྱེད་ཀ་ཙམ་དང་མཚུངས་པ་དང་། ས་ཁོངས་ཀྱི་རྒྱ་ཁྱོན་དེ་སྲུང་སྐྱོང་ཁུལ་ཐོག་མར་འཛུགས་སྐབས་ལས་གསུམ་ཆ་གཅིག་ཙམ་རྒྱ་ཆེར་ཕྱིན་ནས་འདམ་རའི་ནང་ད་ལྟ་རྩ་ཆེའི་རྩི་ཤིང་རིགས་37དང་། ལོ་ལྟར་འདམ་རར་འཚོ་སྡོད་བྱེད་པའི་འདབ་ཆགས་རིགས་43 ཆུ་སྐྱེས་བདག་མེད་སྲོག་ཆགས་རིགས་152བཅས་ཡོད་པ་དེ་ནི་མཚོ་བོད་ས་མཐོའི་གྲོང་ཁྱེར་ས་ཁོངས་ནང་གི་མཐོང་དཀོན་པའི་དངོས་རིགས་གཞི་གྱིན་མཛོད་ཅིག་རེད།

“སུམ་རྩེན་གནས”ལྟ་བུའི་ས་མཐོའི་གནས་དེ་མིང་དོན་མཚུངས་པའི“ལྷ་སའི་གློ་བར”གྱུར་ནས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བའི་གྲོང་ཁྱེར་དང་ཐུན་མོང་ཐོག་འཚོ་གནས་བྱེད་བཞིན་ཡོད། དེས་ན་ད་ཆ་ལྷ་ཀླུ་འདམ་རའི་ནུས་པ་སླར་ཡང་ཆེ་རུ་ཕྱིན་ནས་དེའི་སྣོད་བཅུད་འཛུགས་སྐྱོང་བྱས་པ་ལས་ས་མཐོའི་གྲོང་མིའི་དམངས་ཡོངས་ཀྱི་ལུས་སྦྱོང་ལ་རམ་འདེགས་བྱེད་བཞིན་ཡོད།

2017ལོར་ལྷ་ཀླུ་འདམ་ར་འདི་ཉིད་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ཁག་དང་པོར་གྱུར་པ་དང་། 2018ལོར་གྲོང་མིར་འདམ་རའི་ཆ་ཤས་ཤིག་སྒོ་མོ་ཕྱེ་བ་དང་ལོ་ལྟར་གྱི་ཟླ་4པ་ནས་ཟླ་10པ་བར་རྒྱུན་མཐུད་བྱེད་ཅིང་། དགུན་དུས་སུ་དགུན་སྒྲོལ་གནས་སྤོ་བྱེད་པའི་ཁྲུང་ཁྲུང་འཇིང་ནག་སོགས་ཆུ་བྱ་འཚོ་སྡོད་བྱེད་ཀྱི་ཡོད།

ཚེས་5ཉིན་མགྱོགས་བགྲོད་བྱེད་སྒོ་སྤེལ་རིང་གསར་འགོད་པར་རྐང་ཐང་ལམ་ཐོག་ནས་དུས་བཀག་ལྟར་ལུས་སྦྱོང་བྱེད་པར་ཡོང་མཁན་མཐའ་འཁོར་གྱི་གྲོང་མི་ཐུག་པ་དང་བོད་རིགས་ཨ་མ་རྒན་མོ་ཁ་ཤས་ཀྱིས་ད་དུང་བྱིས་པ་ཁྲིད་དེ་ཆུ་འགྲམ་དུ་མཛེས་ལྗོངས་ལ་ལྟ་བ་དང་རྩེད་འཇོར་རོལ་བཞིན་འདུག

“སྔོན་ཆད་ལྷ་ས་བའི་གྲོང་མི་རྒན་གྲས་ཚོ་འགྲོ་རྒྱུར་དགའ་ཤོས་བྱ་ཡུལ་ནི་ཕོ་བྲང་པོ་ཏ་ལའི་ཁུལ་དུ་རེད། ད་ཆ་ང་ཚོ་རྟག་ཏུ་འདམ་རའི་ཁུལ་དུ་ཡོང་གི་ཡོད་ལ་ཁོར་ཡུག་ཡག་པ་དང་གསོ་རླུང་འདང་ངེས་འདུག”ཅེས་བུད་མེད་ཁྲེན་གྱིས་སྔོན་ཆད་བོད་དུ་འཚོ་བ་སྐྱེལ་བར་དཀའ་ཚེགས་ཆེ་ལ་ཡུལ་པོ་ཡོད་པའི་ཚོར་སྣང་ཡོད་པ་དང་ལུས་སྦྱོང་བྱ་རྒྱུ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། “འོན་ཀྱང་ད་ཆ་གང་སར་འགྲོ་རྒྱུ་ཡོད་ལ་ས་མཐོའི་འཚོ་བ་སྣ་མང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དེ་ནི་སྲིད་གཞུང་གིས་མི་སེར་ལ་སྒྲུབ་པའི་དོན་དངོས་ཆེན་པོ་ཞིག་རེད”ཅེས་བཤད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཀླུ་འདམ་རར་འཆམ་འཆམ་དུ་འགྲོ་བའི་རིམ་སྤེལ་བྱེད་སྒོ་དེ་ཟླ་10པ་བར་རྒྱུན་མཐུད་སྤེལ་རྒྱུ་དང་། གྲོང་མིར་གཟའ་མཇུག་གི་ཁོམ་པ་སྤྱད་ནས་ལུས་སྦྱོང་བྱེད་སྒོར་ཞུགས་རྒྱུར་འབོད་སྐུལ་བྱ་རྒྱུ་རེད།

འདམ་ར་ཕུད་པའི་ལྷ་ས་གྲོང་ཁྱེར་གྱི་ལྷོ་རྒྱུད་དུའང་ལྷ་སའི་སྐྱིད་ཆུ་བསྐོར་བའི་ལུས་སྦྱོང་ཁུལ་བཏོད་ཡོད་པ་མ་ཟད། བྱང་རྒྱུད་ཀྱི་གངས་རིའི་ཐོན་ཁུངས་བེད་སྤྱད་དེ་ཁོག་ཆུང་གངས་རིའི་འཁྱགས་རོམ་སྤྱི་གླིང་བཏོད་ཡོད་པར། གྲོང་མིས་རླངས་འཁོར་ལ་ཆུ་ཚོད་3བསྐྱོད་ཚེ་འཁྱགས་རོམ་དང་རི་བོ་འཛེག་པའི་སྤྲོ་སྣང་མྱོང་རོལ་ཐུབ་ཀྱི་ཡོད་པ་རེད། གཟའ་མཇུག་ཏུ་ཐག་ཉེ་སའི་འདམ་རར་འཆམ་འཆམ་དུ་འགྲོ་ཆོག་པ་དང་། ཐག་རིང་སར་གངས་རིར་འཛེག་པར་འགྲོ་རྒྱུ་དེ་ས་མཐོའི་ལྟེ་བའི་གྲོང་ཁྱེར་གྱི་གྲོང་མིའི་འཚོ་བ་སྐྱེལ་སྟངས་གསར་པ་ཞིག་ཏུ་གྱུར་ཡོད།

“སྣོད་བཅུད་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད་ཅིང་། སྣོད་བཅུད་འཛུགས་སྐྲུན་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཟུང་འབྲེལ་བྱེད་པ་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་ཚན་རིག་དང་མཐུན་ལ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དང་སྔོ་ལྗང་ཁོར་ཡུག་སྲུང་སྐྱོང་གི་འཚོ་བའི་འདུ་ཤེས་ཤིག་ཆགས་ཆེད་དང་། སྔར་བས་བདེ་ཐང་གི་གཟུགས་པོ་དང་དེ་བས་ཡག་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་གསར་ཧུར་ཐག་སྐྲུན་ཆེད་རེད”ཅེས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཏེ་ཅུན་གྱིས་བརྗོད།

(བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་སྒྱུར་ཞུས་བྱས)