《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月06日

གནམ་འོག་ལམ་ཆེན་ཞབས་ཀྱིས་བཅག བློ་གྲོས་བསྡུས་ནས་རྒྱང་དུ་བཞུད།

—— རིམས་ནད་ལ་འགོག་རྒོལ་བྱེད་རིང“རྒྱུད་གཅིག་ལམ་གཅིག”དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་ཟོག་གི་རིན་ཐང་མངོན་པར་བྱས་པ།

2020ལོར་གོ་ལ་ཧྲིལ་པོའི་ས་གནས་མང་པོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་སྐབས་སུ་སྟོབས་ཤུགས་བརྟན་པོ་ཞིག་དུས་ནམ་ཡང་གནས་པ་དང་དྲོ་སྐྱིད་བརྒྱུད་སྤྲོད་དང་རེ་བ་སྦྱིན་བཞིན་ཡོད་པ་དེ་ནི“རྒྱུད་གཅིག་ལམ་གཅིག”དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་སྦྱིན་པའི་སྟོབས་ཤུགས་དེ་རེད།

“བདེ་ཐང་དར་གོས་ལམ་བུ”བསྐྲུན་པ།

འཇར་མན་དུ་རིམས་ནད་མཆེད་སྐབས《འཇར་མན་ནུབ་རྒྱུད་ཀྱི་སྙན་སེང》ཞེས་པའི་དྲ་ཚིགས་ཐོག་འདྲ་པར་ཞིག་བཏོན་ཡོད་པ་དེ་ནི་ལུས་ལ་བདེ་འཇགས་ཀྱི་གྱོན་གོས་སེར་པོ་དང་བདེ་འཇགས་རྨོག་ཞྭ་གྱོན་པའི་ཀྲུང་གོ་དང་འཇར་མན་གྱི་ལས་དོན་མི་སྣས་བདེ་འཇགས་ཀྱི་བར་ཐག་སྨི་ཁ་ཤས་བཞག་སྟེ་མཉམ་དུ་བརྒྱབ་པའི་དྲན་རྟེན་པར་རེད། དེ་ནི་འཇར་མན་གྱི་གྲོང་ཁྱེར་ཏུའུ་དབྱི་སི་པའོ་རུ་རིམས་ནད་ཚབས་ཆེན་ཐོན་རྗེས་ཝུའུ་ཧན་ནས་ཡོང་བའི་ཟོག་འདྲེན་མེ་འཁོར་དང་པོ་བསུ་བ་ཞུ་སྐབས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་རེད།

སྤྱིར་བཏང་གི་ལས་ཀའི་དྲན་རྟེན་པར་དེ་འཇར་མན་དུ་སྐད་གྲགས་ཆོད་ནས《འཇར་མན་ལྷོ་རྒྱུད་ཚགས་པར》ཐོག་དམིགས་བསལ་གྱིས་ཞིབ་གླེང་བྱས་ཡོད་པ་རེད། སྐབས་དེ་དུས་འཇར་མན་དུ་འགོག་སྲུང་དངོས་ཟོག་འབོར་ཆེན་དགོས་ཀྱི་ཡོད་པས་ཀྲུང་གོའི་མེ་འཁོར་གྱིས་དུས་ཐོག་ཏུ་འཕྲལ་མཁོའི་དངོས་ཟོག་སྐྱེལ་འདྲེན་བྱས་པ་རེད། འཇར་མན་གྱི་གསར་འགོད་པ་མཱ་ཁུའུ་སི·པར་ཙེས་དེ་ནི“རྒྱུད་གཅིག་ལམ་གཅིག”ལས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་འཕེལ་རྒྱས་ཆེན་པོ་ཕྱིན་པ་ལས་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འདི་ལོའི་ལོ་སྟོད་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས་5122བཏང་བ་དེ་དུས་མཚུངས་ལས་36%འཕར་བ་རེད།

“བདེ་ཐང་དར་གོས་ལམ་བུ”འདིའི་ཐོག་ཤར་ནུབ་ལ་ཁྱབ་པ་དང་། བདེ་སྡུག་མཉམ་མྱོང་། ཕྱོགས་གཉིས་ཀར་ཕན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་སྒུལ་ཤུགས་ཆེན་པོ་ཡོད་པ་མ་ཟད། ད་དུང་མི་ཆོས་རིང་ལུགས་ཀྱི་དྲོ་སྐྱིད་ཀྱི་འོད་མདངས་འཕྲོ་བའི་བཀྲག་མདངས་འཚེར་སའང་ཡོད་པ་རེད། དམག་འཁྲུག་གི་སྡུག་བསྔལ་མྱངས་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་ཞན་པའི་དབྱི་རག་ཏུ་ཀྲུང་གོས་རོགས་སྐྲུན་བྱས་པའི་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་དེ་འགག་རྩའི་སྐབས་བསྐྲུན་པ་རེད།

རིམས་ནད་ཚབས་ཆེན་ཁུལ་གྱི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཆེ་མོ་པར་ཙིར་དུ་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་དངོས་ཟོག་ཞལ་འདེབས་ཀྱི་ཐོགས་མེད་བགྲོད་ལམ་ཞིག་གིས་ནུས་པ་གལ་ཆེན་བཏོན་པ་དང་། ལི་གཡོད་ཀེ་ཏེ་ཀྲོའུ་ལྷོ་མའི་ལཱ་ཏུང་ལྗིད་ཐེག་རླངས་འཁོར་བཟོ་གྲྭར་ཀྲུང་གོས་ཐོན་སྐྱེད་བྱས་པའི་དམར་ཕྱིའི་ཚ་བའི་བརྙན་གྲུབ་མ་ལག་བསྒར་ནས་བཟོ་གྲྭ་དེའི་འགན་འཁུར་བ་མཱ་ཐེ་ཝུའུ་སི·ཕ་ཉི་ཨའོ་ཡིས“ཀྲུང་གོའི‘རིག་སྐྲུན’ནི་མིང་དོན་མཚུངས་པ་ཞིག་རེད”ཅེས་བརྗོད།

“དུས་རབས་གསར་པ་ཞིག་འཆར་ཟིན”ཞེས་དབྱི་ཐ་ལིའི་ལུའོ་ལུན་ཙུའུ·མའེ་ཏི་ཆི་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་མ་ཤིས་མོ·ཕ་ལུན་ཏིར་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་དང་། ཁོང་གིས་རྒྱལ་ཁབ་བདུན་ཚོགས་པའི་ཁྲོད་ཀྱི་ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་དང་པོ་ཡིན་པའི་དབྱི་ཐ་ལིའི་ཡང་དག་པའི་གཏན་འབེབས་དེས་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་སུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པར་བྱས་རྗེས་ཆེན་པོ་འཇོག་ངེས་རེད་ཅེས་བརྗོད་པ་རེད།

“རེ་བའི་མེ་ལྕེ”བསྐྱར་དུ་འབར་བ།

ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོར་གནོད་འཚེ་ཚབས་ཆེན་བཟོས་པས་མི་ཁྲི་80ལྷག་ཙམ་གྱི་ཚེ་སྲོག་ཤོར་བ་རེད། འཛམ་གླིང་དངུལ་ཁང་གིས་2020ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་5.2%ཆག་རྒྱུ་ཡིན་པ་དེ“འཛམ་གླིང་དམག་ཆེན་གཉིས་པའི་ཚུན་གྱི་དཔལ་འབྱོར་ཉམས་རྒུད་ཚབས་ཆེ་ཤོས་ཤིག་ཡིན་པའི”སྔོན་དཔག་བྱས་པ་རེད།

འགག་རྩའི་སྐབས་སུ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་དཀའ་སྡུག་ལ་མི་སྐྲག་པར་ལས་གནས་བརྟན་སྲུང་དང་འབད་འཐབ་ལ་བརྟེན་ནས་རེ་བ་སྦྱིན་པ།

ཡངས་པའི་གྲམ་ཐང་ཁྲོད་ཀྱི་ཨེ་ཅིབ་ཏུ་ཡོད་པའི་ཀྲུང་གོའི་ཐའེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་དུ་གློ་བུར་དུ་ཐོན་པའི་རིམས་ནད་དབང་གིས་མཉམ་ལས་བྱེད་མཚམས་བཞག་མེད་པར་ཚོང་འགུགས་མ་འདྲེན་རྒྱུན་མཐུད་བྱས་པ་རེད།

ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དང་ཤིས་ཧ་ནུའུ་ཁེ་གྲུ་ཁ་འབྲེལ་མཐུད་བྱེད་པའི་སྐྲུན་བཞིན་པའི་ཕ་ནོམ་ཕེན་ནས་གྲུ་ཁའི་བར་གྱི་མྱུར་བགྲོད་གཞུང་ལམ་ལ་གཞི་ཁྱོན་རགས་ཙམ་ཆགས་པ་དང་ཀྲུང་གོའི་ལམ་ཟམ་འཛུགས་སྐྲུན་པ་ཚོས་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཨར་སྐྲུན་འགན་ལེན་བྱས་ཏེ“ཁམ་ཕུ་ཁྲེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུ”དེ་བདེ་བླག་ངང་སྐྲུན་པར་སྐུལ་འདེད་གཏོང་བཞིན་ཡོད།

འགག་རྩའི་སྐབས་སུ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་འབད་བརྩོན་བྱས་པ་མི་སེམས་ལ་གཏིང་ཟབ་ཟུག་སྟེ་དྲོ་སྐྱིད་དང་སྟོབས་ཤུགས་སྦྱིན་པ།

མི་རབས་ནས་མི་རབས་བར་ཆུ་དཀོན་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཨན་ཀོ་ལའི་ཁ་པིན་ཏ་ཞིང་ཆེན་གྱི་ཤིས་ཕེན་པུའུ་གྲོང་ཚོར་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཅུས་ཉི་ཤུ་ཚོགས་པའི་ཨན་ཀོ་ལ་ཀུང་སིའི་འཛུགས་སྐྲུན་པ་ཚོས་རིམས་ནད་འགོ་སྲིད་པའི་ཉེན་ཁར་མ་འཛེམས་པར་དཀའ་ཚེགས་ཆེན་པོ་ཁྱད་དུ་བསད་དེ་རིམས་འགོག་དང་ལས་འགོ་བསྐྱར་འཛུགས་གཉིས་ཀར་དམ་འཛིན་བྱས་ཏེ་ཡུལ་དེའི་མི་དམངས་ཚོར་འཐུང་ཆུ་གཙང་མ་ཞིག་སྔ་ཙམ་འཐུང་རྒྱུ་ཡོང་ཆེད་འབད་འཐབ་བྱས་པ་རེད།

ཀྲུང་གོའི་ཀུང་སིས་སྐྲུན་འགན་ཁུར་བའི་ཕུ་ཐེ་ལ་མུའུ་རྡོ་སོལ་གློག་ཁང་ནི་སི་རི་ལན་ཁའི་རྡོ་སོལ་གློག་ཁང་དང་པོ་དེ་ཡིན་ཞིང་། རིམས་ནད་ཐོན་རིང་གི་རྒྱུན་གཏན་འཁོར་རྒྱུག་འགན་ལེན་བྱ་ཆེད་ཀྲུང་གོ་ནས་ཡིན་པའི་འཁོར་རྒྱུག་སྲུང་སྐྱོང་དཔུང་ཁག་གི་ཁོངས་མི་ཚང་མས་ཉིན་མཚན་ལྟོས་མེད་ངང་འཐབ་ས་དང་པོར་འབད་འཐབ་བྱས་ཡོད།

“གཉིས་ཁེའི་མཉམ་སྒྲོག་རོལ་མོ”དཀྲོལ་བ།

གོ་ལ་ཧྲིལ་པོར་རིམས་ནད་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་རྒྱལ་ཁབ་ལ་ལས“ཚོགས་པ་ནས་ཕྱིར་འཐེན”དང་འགན་འཁྲི་གཞན་ལ་དཀྲིས་ཏེ་ནད་དུག་ལ་མིང་གང་བྱུང་དུ་འདོགས་པ་དང་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་བར་བྱས་ཡོད། དེས་ན་ཀྲུང་གོས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཉེན་ཁར་ཁ་གཏད་གཅོག་ཆེད་རོགས་སྐྱོར་བྱས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”སོགས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་ཟོག་དང་ཀྲུང་གོའི་ཁེ་ལས་ཀྱིས་འཛམ་གླིང་དང་བདེ་སྡུག་མཉམ་མྱོང་གིས་ལེགས་སྐྱེས་ཕུལ་བར་གྲུབ་འབྲས་ཐོབ་པ་དང་མི་སེམས་ལ་གཏིང་ཟབ་ཟུག་ནས་མཚན་སྙན་ཐོབ་ཡོད།

ཟླ་6ཚེས་18ཉིན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམ་པ་མཐོ་བའི་བརྙན་ལམ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡིག་ཐོག་ཤིས་ཚིག་གསུངས་ཤིང་། རིམས་ནད་ལས་བྱུང་བའི་བློ་འབྱེད་ཟབ་མོ་རབ་དང་རིམ་པའི་སྐོར་གསུངས་སྐབས་རྒྱལ་ཁབ་ཁག་གི་ལས་དབང་དམ་པོར་སྦྲེལ་བ་དང་མིའི་རིགས་ནི་ཕྱར་བ་གྲུ་འདེགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས་རིམས་ནད་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་སླར་གསོ་གང་ཞིག་ཡིན་རུང་ཚང་མས་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་བུར་བསྐྱོད་པ་དང་ཚང་མས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་དགོས་ཞེས་དམིགས་སུ་བཀར་ནས་བསྟན་གནང་བ་རེད།

ཕྱར་བ་གྲུ་འདེགས་དང་བདེ་སྡུག་མཉམ་མྱོང་བྱས་ཤིང་། ཀྲུང་གོས་ལེགས་སྐྱེས་ཕུལ་བའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་ཟོག་དང་འཛམ་གླིང་ས་གནས་ཁག་གི་ཀྲུང་གོའི་ཁེ་ལས་ཀྱིས་མཉམ་ལས་དང་། བརྟན་སྲུང་། འབད་འབུངས། “རིག་སྐྲུན”བཅས་ལས་འཛམ་གླིང་ཀུན་ལ་ཕན་བདེ་བསྐྲུན་ནས་གནམ་འོག་གི་ཁེ་ཕན་གཏོད་པའི་ཉམས་འགྱུར་མངོན་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་སྙིང་སྟོབས་མངོན་ནས་འཛམ་གླིང་ལ་ཁེ་ཕན་སྐྲུན་པའི་བླ་ན་མེད་པའི་འགན་འཁྲི་ཕྲག་སྟེང་དུ་ཁུར་བ་རེད།

བདེ་ཐང་དང་དར་རྒྱས་ནི་མིའི་རིགས་ཀྱི་མི་ཉམས་ཡུན་གནས་ཀྱི་རེ་འདུན་ཞིག་རེད། ཀྲུང་གོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་དང་བྱ་སྤྱོད་ལ་བརྟེན་ནས་གཏན་འཁེལ་མེད་པའི་འཛམ་གླིང་དེར་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ཡོད།

“གོ་ལ་ཧྲིལ་པོ་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ནས་འཛམ་གླིང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས”ཞེས་པ་དེ་ནི་ཀྲུང་གོས་འཛམ་གླིང་ལ་བཞག་པའི་སྒམ་བརླིང་ལྡན་པའི་དམ་བཅའ་ཡིན་པ་དང་། “ཉམས་ཉེན་ཁྲོད་གོ་སྐབས་གསར་པ་སྐྲུན་པ་དང་དུས་བབ་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད”ཅེས་པ་དེ་ནི་ཀྲུང་གོས་འབྱུང་འགྱུར་ལ་ཕྱོགས་པའི་བྱ་སྤྱོད་བརྟན་པོ་ཞིག་རེད་ལ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

(སྒྱུར་ཞུས་པ་བསོད་བདེ་དང་དབང་སྒྲོལ་སྐྱིད)