《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月06日

བོད་ཀྱི་ཤང(གྲོང་རྡལ)བཅུ་ཆ་བརྒྱད་ཡན་ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་8པའི་བར། བོད་ཀྱི་རྫོང་གྲོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་། ཤང་(གྲོང་རྡལ)86.4%དང་སྒྲིག་ཚུད་གྲོང་ཚོ་61.4%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། ཉེ་བའི་ལོ་ལྔའི་རིང་བོད་ཀྱིས་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་8.6ཟིན་ཡོད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཞུས་ཝུན་ཆང་གིས། བོད་དུ་ས་རྒྱ་ཆེ་བ་དང་རང་བྱུང་ཆ་རྐྱེན་ཞན་པས་འགྲིམ་འགྲུལ་འཛུགས་སྐྲུན་བྱ་རྒྱུར་ལོ་མང་པོ་འགོར་ཡོད། 2015ལོའི་ལོ་མཇུག་ཏུ་བོད་དུ་ད་དུང་རྫོང་གྲོང་9ལ་སྣུམ་ནག་ལམ་བཏིང་མེད་པ་དང་། ཤང(གྲོང་རྡལ)2དང་སྒྲིག་ཚུད་གྲོང་ཚོ་230ལ་གཞུང་ལམ་ཤར་གཏོང་ཐུབ་མེད་པ། ཤང(གྲོང་རྡལ)དང་སྒྲིག་ཚུད་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་པའི་བསྡུར་ཚད་45.9%དང་16.8%ལས་ཟིན་གྱི་མེད། ཉེ་བའི་ལོ་ལྔའི་རིང་བོད་དུ་གྲོང་གསེབ་ཀྱི་གཞུང་ལམ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས། ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བརྗོད།

ལོ་ལྔའི་རིང་། བོད་དུ་རིམ་རྩིས་བྱས་ན་སླར་ཡང་རྫོང་1དང་། ཤང(གྲོང་རྡལ)102དང་སྒྲིག་ཚུད་གྲོང་ཚོ་536བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། མིག་སྔརབོད་དུ་རྫོང(ཆུས)74དང་། ཤང(གྲོང་རྡལ)476 སྒྲིག་ཚུད་གྲོང་ཚོ་2050བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དྲ་བ་ལོ་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད།

གཞུང་ལམ་འཛུགས་སྐྲུན་ལས་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་གང་མང་རག་པ་དང་། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གྲོང་གསེབ་གཞུང་ལམ་ཁྲུའི་ཁྲུའུ་ཀྲང་བཀྲ་ཤིས་ནོར་བུས། བོད་ཀྱིས་སྲིད་ཇུས་བཏོན་ནས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་400མན་བཏང་བ་དང་ཞིང་འབྲོག་པའི་ཨར་ལས་ཁེ་ལས(ཨར་ལས་རུ་ཁག)ཀྱིས་སྐྲུན་འགན་འཁུར་ཆོག་པའི་རྣམ་གྲངས་ཚང་མ་ཞིང་འབྲོག་པའི་ཨར་ལས་ཁེ་ལས(ཨར་ལས་རུ་ཁག)ལ་སྤྲད་ནས་ལག་བསྟར་བྱས་པ་མ་ཟད། ཨར་ལས་མི་སྣའི་ཁྲོད་ཞིང་འབྲོག་པའི་མི་གྲངས་ཀྱིས་80%ཡན་ཟིན་པ་བྱ་རྒྱུའི་བླང་བྱའང་བཏོན་ཡོད། མིག་སྔའི་བར། བོད་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་མང་ཚོགས་ཁྲི་54.7ལས་ཞུགས་གཞན་སྒྱུར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་137.2གཏོད་རོགས་བྱས་པ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ལ་འཕྲུལ་ཆས་བོགས་མར་གཏོང་ལེན་ལས་ཡོང་འབབ་སྒོར་དུང་ཕྱུར་3.3བྱུང་ཡོད་ཅེས་བརྗོད།

གསར་འགོད་པས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ཨར་འདམ་ལམ་ཤར་གཏོང་ཐུབ་མེད་པའི་ཤང(གྲོང་རྡལ)5དང་སྒྲིག་ཚུད་གྲོང་ཚོ་1114ལ་ཨར་འདམ་ལམ་ཤར་གཏོང་ཐུབ་རྒྱུའི་བརྩོན་ལེན་བྱས་ནས་བོད་ཀྱི་ཤང(གྲོང་རྡལ)དང་སྒྲིག་ཚུད་གྲོང་ཚོ་ཤར་གཏོང་ཐུབ་དགོས་རིགས་ཚང་མར་ཤར་གཏོང་ཧུར་ཐག་ཐུབ་པ་བྱ་རྒྱུ་རེད། དེ་དང་དུས་མཚུངས་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཤང་(གྲོང་རྡལ)དང་སྒྲིག་ཚུད་གྲོང་ཚོར་ཤར་བགྲོད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པ་དང་། འགྲུལ་སྐྱེལ་ས་ཚིགས་དང་རླངས་འཁོར་འཇོག་ས་འཛུགས་སྐྲུན་གང་མགྱོགས་བྱས་ཏེ། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ས་ཚིགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

(ཚེ་ཁོས་བསྒྱུར། ཉི་དོན་དང་ཚེ་ཁོས་ཞུས)