《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལས་ས་ཁུལ་འཕེལ་རྒྱས་དང་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

—— ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་དབྱང་ཤིན་ལ་བཅར་འདྲི་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། མིང་ཏ་ཅུན་དང་། རེན་ཆན། དབང་ཅིན་བཅས་ཀྱིས།

ཉིན་ཤས་གོང་། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་དབྱང་ཤིན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་དེ་ཉིན་གཉེར་བའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཕྱོགས་ཁག་གིས་ཆུའི་ཐོན་ཁུངས་དང་། མཉམ་སྦྲེལ་མཉམ་མཐུད། རྒྱུན་མཐུད་འཕེལ་རྒྱས། སྤྱི་པའི་འཕྲོད་བསྟེན། དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། དེ་དང་ཆབས་ཅིག་ཚོགས་འདུའི་ཐོག་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་ལ་ལོ་4ཡི་རིང་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་ནས་ས་ཁུལ་མཉམ་ལས་ཀྱི་འཆར་གཞི་གསར་པ་བཀོད་ཡོད་ཅེས་བརྗོད་པ་རེད།

དབྱང་ཤིན་གྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི“འགོ་ཁྲིད་མི་སྣས་ཁྲིད་སྟོན་དང་། ཕྱོགས་ཀུན་ལ་ཁྱབ་པ། སྡེ་ཚན་ཚང་མ་ཞུགས་པ”བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཤིང་། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལམ་སྲོལ་བཙུགས་ནས་ལོ་4ལྷག་ཙམ་རིང་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་སྟེ་མཉམ་ལས་བྱེད་མགྱོགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པས་དུས་ཐུང་ནང་བསམ་ཚུལ་དངོས་ཡོད་དུ་གྱུར་ནས་སྐྱེད་སྲིང་དུས་སྐབས་ནས་འཚར་ལོངས་དུས་སྐབས་སུ་མགྱོགས་མྱུར་སླེབས་ཡོད་ཅེས་བརྗོད་པ་རེད།

ཁོང་གིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱིས་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་མཉམ་ལས་ཀྱི་སྒྲོམ་གཞི་བཟོས་ནས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་མང་པོ་འཆར་འགོད་གཏན་འབེབས་བྱས་ཏེ་ཆེད་དོན་ཐེབས་རྩའི་རྣམ་གྲངས་300ལྷག་ཙམ་བདེ་བླག་ངང་ལག་བསྟར་བྱས་པ་དང་རྨང་གཞིའི་སྒྲིག་བཀོད་དང་བཟོ་ལས་ཅན་གྱི་རྣམ་གྲངས་30ཙམ་ལས་འགོ་ཚུགས་ནས་དེའི་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། “རྫ་ཆུ་དང་མེ་ཀུང་གཙང་པོའི་འོད་ཟེར་བྱ་སྤྱོད”དང་། “རྫ་ཆུ་དང་མེ་ཀུང་གཙང་པོའི་གཞོན་ནུའི་གཙོ་འཛིན་གྱི་རིག་གནས་ཉམས་ལེན་སྒར་ས”“ཐོག་མེད་གློག་བརྙན་ཁང”སོགས་དམངས་འཚོའི་རྣམ་གྲངས་ལས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་ཕྱིན་ནས་དམངས་ཚོགས་དབར་རྒྱུས་མངའ་ལོན་ཚད་དང་ཡིད་ཆེས་བྱེད་ཚད་མཐོ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

ཆུའི་ཐོན་ཁུངས་ཀྱི་མཉམ་ལས་གནད་དོན་སྐོར་གླེང་སྐབས། དབྱང་ཤིན་གྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དེ་ཆུ་བོ་དང་གཙང་པོ་ལས་བྱུང་བ་ཞིག་ཡིན། ཆུའི་ཐོན་ཁུངས་ཀྱི་མཉམ་ལས་ནི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་སྔོན་སྒྲུབ་ཁྱབ་ཁོངས་ལྔའི་གྲས་ཤིག་རེད། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཐུན་མོང་འབད་བརྩོན་འོག་རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་ཀྱི་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་ཀྱི་མཉམ་ལས་མཉམ་འབྲེལ་ལས་དོན་ཚོགས་ཆུང་འཁོར་སྐྱོད་བདེ་བླག་བྱུང་བ། ལོ་ལྔའི་བྱ་སྤྱོད་འཆར་གཞི་བཟོས་པ། རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་མཉམ་ལས་ལྟེ་གནས་དངོས་སུ་བཙུགས་པ་མ་ཟད། ད་དུང་རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་ཀྱི་གླེང་སྟེགས་སྐབས་དང་པོ་དང་རྫ་ཆུ་དང་མེ་ཀུང་གཙང་པོའི་ཆུའི་ཐོན་ཁུངས་ཀྱི་པུའུ་ཀྲང་གི་ཚོགས་འདུ་སྐབས་དང་པོ་འཚོགས་ཡོད། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ད་དུང་ཀྲུང་གོ་ཕྱོགས་ཀྱིས་འདི་ལོ་ནས་བཟུང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ལ་རྫ་ཆུའི་ལོ་ཧྲིལ་པོའི་ཆུ་དཔྱད་ཆ་འཕྲིན་སོགས་ཀྱི་བྱ་ཐབས་གལ་ཆེན་མཉམ་སྤྱོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཅེས་བརྗོད་པ་རེད།

རྒྱལ་ཁབ་དྲུག་པོའི(ཀྲུང་གོ་དང་། ཁམ་ཕུ་ཁྲེ། ལོ་སི། འབར་མ། ཐེ་ལན། ཝེ་ཐེ་ནམ)དབར་གྱི་ས་ཁོངས་སྒྲོལ་བའི་ཚོང་དོན་སྐོར་གླེང་སྐབས། དབྱང་ཤིན་གྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཚང་མ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་པ་དང་མཉམ་ལས་ཀྱི་དགོས་མཁོ་ཧ་ཅང་ཆེ་བ། ཚང་མར་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་ཐུན་མོང་གི་ལས་འགན་འཕྲད་ཡོད། རྫ་ཆུ་དང་མེ་ཀུང་གཙང་པོའི་ས་ཁོངས་སྒྲོལ་བའི་དཔལ་འབྱོར་དང་། ཐོན་ནུས། མཉམ་སྦྲེལ་མཉམ་མཐུད་སོགས་སྔོན་སྒྲུབ་ཁྱབ་ཁོངས་ཀྱི་ལས་དོན་ཚོགས་ཆུང་གིས་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ས་ཁོངས་ཕལ་པའི་ཁྱབ་ཁོངས་ཁག་གི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཡོད། ཀྲུང་གོ་དང་ཐེ་ལན་གྱིས་ཕྱོགས་གཉིས་དང་ས་ཁུལ་གྱི་མཉམ་ལས་ཁྲོད་ས་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་པ་རེད།

(དཀོན་སྒྲོལ་གྱི་བསྒྱུར། རིག་རྡོར་དང་དཀོན་སྒྲོལ་གྱིས་ཞུས)