《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིས་བསྟན་དོན།

དབྱི་རན་ལ“བཀག་སྡོམ་མགྱོགས་མྱུར་སླར་གསོ”བྱེད་པའི་ལམ་སྲོལ་སྤྱོད་འགོ་ཚུགས་མི་སྲིད།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཧིན་རྡུ་ཉི་ཞི་ཡའི་འཐུས་མི་ཏིས་ཨན·ཁྲ་ཉིས་ཨ་རིས་དབྱི་རན་ལ“བཀག་སྡོམ་མགྱོགས་མྱུར་སླར་གསོ”བྱེད་འགོ་ཚུགས་རྒྱུའི་ལམ་སྲོལ་གནད་དོན་ཐད་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་ལྟ་སྟངས་མི་གཅིག་པ་ཡོད་པས་ཀྲུའུ་ཞིས་ཨ་རིས་བཏོན་པའི་བླང་བྱ་ལྟར་བྱ་སྤྱོད་སྤེལ་མི་སྲིད་ཅེས་བརྗོད་པ་རེད།

ཚེས་20ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཧྥེང་ཧྥེ་ཨའོ་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་བསྐྱོད་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཨ་རི་ཕྱོགས་ཀྱིས་དབྱི་རན་ལ“བཀག་སྡོམ་མགྱོགས་མྱུར་སླར་གསོ་བྱེད་པའི”ལམ་སྲོལ་སྤྱོད་འགོ་ཚུགས་རྒྱུའི་བརྡ་ཐོ་བཏང་བ་རེད། ཚེས་25ཉིན་འཛམ་གླིང་དབུས་ཤར་ས་ཁུལ་དུས་བབ་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བརྙན་ལམ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཨུ་རུ་སུ་དང་ཀྲུང་གོའི་འཐུས་མིས་ཁྲ་ཉི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ངོས་ནས་ཨ་རི་ཕྱོགས་ཀྱིས་བཏོན་པའི་རེ་བ་ཐག་གཅོད་ཇི་ལྟར་བྱེད་མིན་ཐད་སྐད་ཆ་དྲིས་པ་རེད། ཁྲ་ཉིས་ངས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་དང་འབྲེལ་བ་བྱེད་སྐབས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་གཅིག་ཁོ་ནས་དམིགས་བསལ་གྱི་ལངས་ཕྱོགས་བཟུང་བ་ལས་ཁོངས་མི་མང་ཆེ་བར་བསམ་འཆར་མི་འདྲ་བ་འདུག་ཅེས་བརྗོད་པ་རེད།

ཚེས་25ཉིན་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་མང་ཆེ་བའི་ནང་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནང་ཞུགས་མཁན་དབྱིན་ཇི་དང་། ཧྥ་རན་སེ། ཨུ་རུ་སུ། ཀྲུང་གོ འཇར་མན་བཅས་ཚང་མས་བསྐྱར་བཤད་བྱས་པ་དང་། ཨ་རིས་2018ལོའི་ཟླ་5པར་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནས་དོན་པས་དེ་ནས་བཟུང“བཀག་སྡོམ་མགྱོགས་མྱུར་སླར་གསོ”བྱེད་པའི་ལམ་སྲོལ་སྤྱོད་པའི་ཐོབ་ཐང་མེད་པ་རེད།

2015ལོའི་ཟླ་7པར། དབྱི་རན་གྱིས་ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུ། ཀྲུང་གོ འཇར་མན་བཅས་ཀྱི་དབར་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་བཞག་པ་རེད། གྲོས་མཐུན་གཞིར་བཟུང་། དབྱི་རན་གྱིས་དེའི་ཉིང་རྡུལ་འཆར་གཞིར་ཚོད་འཛིན་བྱ་རྒྱུའི་ཁས་ལེན་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རན་ལ་བཀག་སྡོམ་བྱེད་མཇུག་འགྲིལ་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེ་རྗེས་གྲོས་ཆོད་ཨང་2231ལ་གྲོས་འཆམ་བྱུང་ནས། དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ལ་ཞིབ་བསྡུར་བྱས་པ་རེད། གྲོས་ཆོད་དེ་ལག་བསྟར་དུས་མཚམས་11པར“བཀག་སྡོམ་མགྱོགས་མྱུར་སླར་གསོ་བྱེད་རྒྱུའི”ལམ་སྲོལ་གྱི་ནང་དོན་ཡོད་མོད། འོན་ཀྱང་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནང་ཞུགས་མཁན་ཕྱོགས་ཀྱིས་གཞི་ནས་ཉིང་རྡུལ་ལམ་སྲོལ་སྤྱོད་ཆོག་པའི་གཏན་འབེབས་བྱས་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2231ནང་གཏན་འབེབས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རན་ལ་མཚོན་ཆ་དབོར་འདྲེན་བཀག་འགོག་གི་མཚམས་འཇོག་དུས་ཚོད(2020ལོའི་ཟླ་10ཚེས་18ཉིན)འཆར་ཉེར་ཡོད་པ་དང་བསྟུན། ཨ་རིས་བྱ་ཐབས་སྤྱོད་འགོ་ཚུགས་ནས་དབྱི་རན་ལ་མཚོན་ཆ་དབོར་རྒྱུ་བཀག་འགོག་མུ་མཐུད་བྱེད་རྩིས་ཡོད་པ་རེད།