《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

གན་ཁྲལ་བཅའ་ཁྲིམས་བཏོན་པས་ཁྲལ་འབོར་མཐོ་རུ་འགྲོ་སྲིད་དམ།

ས་གནས་ཁག་གི་ཁང་པ་ཉོ་ཚོང་གི་གན་ཁྲལ་གཟིགས་སྐྱོང་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད།

མི་སེར་ལ་མཚོན་ན་ཁང་པ་ཉོ་ཚོང་ནི་དོན་ཆེན་ཞིག་རེད། ཁང་པ་ཉོ་ཚོང་བྱེད་སྐབས་གན་ཁྲལ་གྱི་གནད་དོན་འཕྲད་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པར་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་ཁྲལ་བཅའ་ཁྲིམས》སང་ལོའི་ཟླ་9ཚེས་1ཉིན་ལག་བསྟར་བྱེད་རྒྱུ་རེད། གན་ཁྲལ་ལ་འགྱུར་བ་ག་རེ་ཡོད་པ་དང་དེས་ཁང་པའི་ཉོ་ཚོང་ལ་ཤུགས་རྐྱེན་ཐེབས་སྲིད་དམ་ཞེ་ན།

གན་ཁྲལ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་མ་ཐག་ཁང་པའི་བར་སྦྲེལ་ཚོང་པ་མི་ཉུང་བས་དོ་སྣང་བྱས་ཤིང་། ཐ་ན་བར་སྦྲེལ་ཚོང་པ་ཁག་གཅིག་གིས་འབྲེལ་ལམ་སྨྱན་སྦྱོར་དུ“ཁང་པ་ཉོས་ན་སྔ་ཙམ་ནས་ཉོས། དེ་སྔའི་1%དང་1.5%ཡི་ཁྲལ་འབོར་མཐོ་རུ་གཏོང་རྒྱུ་རེད་འདུག”ཅེས་རྩོམ་ཡིག་ཐད་ཀར་སྤེལ།

ཁང་པའི་ཐོན་ལས་ཀྱི་གན་ཁྲལ་བཅའ་ཁྲིམས་ཀྱི་ཤུགས་རྐྱེན་སྐོར་ཤེས་རྟོགས་ཡང་དག་ཇི་ལྟར་བྱེད་དགོས་སམ་ཞེ་ན།

ཀྲུང་དབྱང་ནོར་དཔལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཧྥན་ཡུང་གིས། གན་ཁྲལ་གྱི་ཁྲིམས་བཟོ་བ་ནི་གཙོ་བོ་དེ་གོང་གནས་སྐབས་ལག་བསྟར་བྱས་པའི་སྲོལ་ཡིག་ལག་བསྟར་བརྟན་པོ་བྱེད་པའི་སྔོན་འགྲོའི་འོག དེའི་ཁྲིམས་བཟོའི་རྩེ་རིམ་སྔར་བས་མཐོ་རུ་གཏོང་བ་དང་། ཁྲལ་འབབ་ཀྱི་ཁྲིམས་བཀོད་རྩ་དོན་ལག་བསྟར་གྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་རང་ངོས་ཀྱི་གཏན་འབེབས་བྱས་ཡོད། གན་ཁྲལ་བཅའ་ཁྲིམས་ནང་གན་ཁྲལ་གྱི་ཁྲལ་འབོར་ནི་3%-5%ཡིན་པ་གཏན་འབེབས་བྱས་ཡོད། དེ་སྔོན་གྱི་གན་ཁྲལ་གནས་སྐབས་ལག་བསྟར་གྱི་སྲོལ་ཡིག་ནང་གན་ཁྲལ་གྱི་གཞི་རྩའི་ཁྲལ་འབོར་3%-5%ཡིན་པ་གཏན་འབེབས་གསལ་པོ་བྱས་ཡོད་ཅེས་གསར་འགོད་པར་བརྗོད།

“ད་རེས་ཁྲིམས་བཀོད་ཀྱི་ཁྲལ་འབོར་ནང་སྙོམས་སྒྲིག་གང་ཡང་བྱས་མེད། ཁང་པའི་བར་སྦྲེལ་ཚོང་པས་བརྗོད་པའི་དེ་སྔའི་1%དང་1.5%ཡི་ཁྲལ་འབོར་ནི་དེ་སྔའི་གན་ཁྲལ་གནས་སྐབས་ལག་བསྟར་སྲོལ་ཡིག་འོག་སྒེར་གྱིས་ཁང་པ་ཉོ་བའི་ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་ཡིན་ལ། སྒེར་གྱིས་ཁང་པ་ཉོ་ཚོང་ལ་ཁྲལ་འབོར་1%དང་1.5%གཅོག་པ་ལྟར་གན་ཁྲལ་བསྡུ་ཡི་ཡོད་ཅིང་། ཁྲལ་འབོར་གྱི་གཟིགས་སྐྱོང་སྲིད་ཇུས་ལ་ད་དུང་ཚོད་འཛིན་གྱི་ཆ་རྐྱེན་གཞན་དག་ཀྱང་ཡོད། མིག་སྔར་གོང་གསལ་གྱི་སྲིད་ཇུས་སྔར་བཞིན་ལག་བསྟར་བྱེད་ཀྱི་ཡོད་པས། གཟིགས་སྐྱོང་ཁྲལ་འབོར་སྔར་མུས་བཞིན་ལག་བསྟར་བྱེད་ཀྱི་ཡོད”ཅེས་ཧྥན་ཡུང་གིས་བརྗོད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། གཡོད་ཆུང་ཡོན་དང་ཞེ་ཤི་ཡའོ་ཡིས།