《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月06日

“ཆེས་མཛེས་ཤོས་ཀྱི་ས་གོ་ལའི་སྣེ་གསུམ་པར”སྣོད་བཅུད་ ཤེས་དཔལ་གྱི་མཐོ་ས་བཏོད་པ།

↑འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འཕྲིན་པ་གྲོང་ཚོའི་གྲོང་མིས་ལྕང་སོན་ཆུར་སྦོང་བཞིན་པ།

བོད་རང་སྐྱོང་ལྗོངས་ཀྱི་མྱ་ངམ་ཐང་དང་བྱེ་ཐང་དུ་འགྱུར་ཚུལ་ལ་ལྟ་ཞིབ་ཚད་ལེན་ཐེངས་ལྔ་པ་བྱས་པའི་འབྲས་བུ་ལས་མངོན་པར། བོད་ཀྱི་བྱེ་ས་སྣ་ཚོགས་ཀྱི་རྒྱ་ཁྱོན་དུས་འགོ་ལས་སྤྱི་ཆིང་ཁྲི་3.5ཙམ་ཉུང་དུ་ཕྱིན་པ་དང་ལོ་རེར་ཉུང་དུ་འགྲོ་ཚད་སྤྱི་ཆིང་ཁྲི་0.7ཟིན་པས། བྱེ་འགོག་བྱེ་བཅོས་ལས་དོན་གྱི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

2019ལོར་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་མ་ལག་སྤྱིར་ན་བརྟན་པོ་བྱུང་ཡོད། བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་དང་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་བྱས། ད་ཆ་གངས་ལྗོངས་ས་མཐོ་མཛེས་ཤིང་ལྟ་ན་སྡུག་པའི་སྔོ་ལྗང་གི་ས་མཐོར་གྱུར་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད།

བྱེ་འགོག་ཤིང་འཛུགས། ས་མཐོར་སྔོ་ལྗང་གོས་ཀྱིས་བཀླུབས།

“རླུང་བུ་ལྡང་ཚེ་ཁ་མིག་བྱེ་མས་བརྒྱངས”འདི་ནི་སྔོན་མ་བོད་ལྗོངས་ལྷོ་ཁ་ལྷུན་རྩེ་རྫོང་གི་མང་ཚོགས་ཚོའི་ཁ་རྒྱུན་རེད། དུས་རབས་གོང་མའི་དུས་དཀྱིལ་དུ་གནམ་གཤིས་སྐམ་ཤས་ཆེ་བས་ལྷུན་རྩེའི་ལུང་ཤུར་དུ་བྱེ་རླུང་ཡང་ཡང་ལྡང་བས་ལོ་ཏོག་སྐྱེ་ཐབས་བྲལ།

རང་བྱུང་ཁོར་ཡུག་ཉམས་ཞན་ལ་འགྱུར་ལྡོག་གཏོང་ཆེད། 1964ལོ་ནས་བཟུང་། ལྷུན་རྩེ་རྫོང་གིས་སྐྱེ་འཚར་བཟང་བའི་གླ་ཚེར་ཚོད་འདེབས་བྱེད་འགོ་བཙུགས།

མི་རབས་ཁ་ཤས་དཀའ་བ་སྤྱད་པ་བརྒྱུད། ད་ཆ་ལྷུན་རྩེ་རྫོང་གི་མི་བཟོས་གླ་ཚེར་གྱི་འདེབས་ཁྱོན་སྤྱི་ལེ་ངོས་གྲུ་50.33ཟིན་ཞིང་། ནགས་ཚལ་ཁྱབ་ཚད་ཁྱོན་40%ཟིན་ནས་སྤྱི་ལེ་40ཙམ་ཟིན་པའི་སྔོ་ལྗང་གི་ལྕགས་རི་རིང་པོ་ཞིག་རིམ་གྱིས་གྲུབ། སྔོན་ཆད་ཀྱི་མྱ་ངམ་ཐང་ད་ཆ་གཡུ་གཤོངས་སུ་གྱུར།

ཤིང་འཛུགས་ནགས་བཟོ་དང་རྨོ་བསྐྱུར་ནགས་གསོའི་ལས་དོན་ཟམ་མི་ཆད་པར་སྤེལ་བས་ལྷུན་རྩེ་རྫོང་གི་རང་བྱུང་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན།

རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡག་པོ་བསྐྲུན་ཆེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་གཙོ་གནད་དུ་བཟུང་སྟེ། རྨོ་བསྐྱུར་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་ནགས་ལས་ཀྱི་གཙོ་གནད་འདུ་འགོད་ལག་ལེན་བསྟར། བོད་ཀྱི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ“ཕྱོགས་བཞི་མཚམས་བརྒྱད་བྱེ་མས་ཁེངས། རླུང་བུ་ལྡང་ཚེ་ཡོད་ཚད་སྒྲིབ”ཅེས་པའི་ལོ་རྒྱུས་སྔ་ས་ནས་མཇུག་འགྲིལ་ཏེ་ས་མཐོར་སྔོ་ལྗང་གི་ལྕགས་རི་རིང་པོ་ཞིག་བསྐྲུན།

བོད་རང་སྐྱོང་ལྗོངས་ཀྱི་མྱ་ངམ་ཐང་དང་བྱེ་ཐང་དུ་འགྱུར་ཚུལ་ལ་ལྟ་ཞིབ་ཚད་ལེན་ཐེངས་ལྔ་པ་བྱས་པའི་འབྲས་བུ་ལས་མངོན་པར། བོད་ཀྱི་བྱེ་ས་སྣ་ཚོགས་ཀྱི་རྒྱ་ཁྱོན་དུས་འགོ་ལས་སྤྱི་ཆིང་ཁྲི་3.5ཙམ་ཉུང་དུ་ཕྱིན་པ་དང་ལོ་རེར་ཉུང་དུ་འགྲོ་ཚད་སྤྱི་ཆིང་ཁྲི་0.7ཟིན་པས། བྱེ་འགོག་བྱེ་བཅོས་ལས་དོན་གྱི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན།

ཞི་མཐུན་མཉམ་གནས། ནགས་ཚལ་དང་རྩྭ་ཐང་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར།

རླངས་འཁོར་བཏང་སྟེ་བྱང་རྩྭ་ཐང་ནས་བརྒྱུད་སྐབས། གཙོད་དང་། འབྲོང་། རྐྱང་སོགས་ཀྱི་ཁྱུ་ཚོ་མཐའ་ཡས་རྩྭ་ཐང་དུ་ཅི་དགར་རོལ་བཞིན་པ་མཐོང་། བོད་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་མཚོ་བོད་ས་མཐོ་ཁོ་ནར་ཡོད་པའི་རྨིག་ལྡན་སྲོག་ཆགས་ཀྱི་ཁྱུ་ཚོའི་གྲངས་འབོར་རིམ་བཞིན་སླར་གསོ་བྱུང་།

སྐར་མ་དཔལ་འབྱོར་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ཉེ་འགྲམ་དུ་སྡོད་ཀྱི་ཡོད། ཁོང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བར་གྱུར་ནས་ལོ་14ཙམ་ཕྱིན། མུ་མཐའ་མེད་པའི་རྩྭ་ཐང་དུ་ལོ་ལྟར་ལོ་ཕྱེད་ཙམ་སྐོར་གཡེང་བྱས་ནས་སྡོད་དགོས་ཀྱི་ཡོད་ལ། ཁེར་རྐྱང་དུ་སྤྱི་ལེ་བརྒྱ་ཕྲག་གི་མི་མེད་ཁུལ་དུ་སྐོར་གཡེང་བྱེད་ཀྱི་ཡོད།

མཚོ་གཉིས་རྫོང་ཁོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་ལ་སྤྱི་ལེ་ངོས་གྲུ་ཁྲི་1.7ཡོད་པ་དང་། དེ་ནི་མི་མེད་ཁུལ་དུ་གནས་ཡོད། ས་ཆ་མང་ཆེ་བར་ལམ་མེད་པས་རྒྱུན་དུ་སྐར་མ་དཔལ་འབྱོར་གྱིས་སྦག་སྦག་བཞོན་ནས་སྐོར་གཡེང་བྱེད་ཀྱི་ཡོད།

མཚོ་གཉིས་རྫོང་དུ་སྐར་མ་དཔལ་འབྱོར་འདྲ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་74ཡོད།

ཡིད་འོང་བོད་ལྗོངས། ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན།

བོད་ལྗོངས་སུ་སྔོ་བསངས་ཀྱི་ནམ་མཁའ་དང་། དྭངས་གཙང་གི་ཆུ་མོ། མ་བཅོས་ལྷུན་གྱིས་གྲུབ་པའི་མཛེས་ལྗོངས་བཅས་ཡོད་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་བཞིན་ཡོད། སྣོད་བཅུད་ཁོར་ཡུག་བཟང་བ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན། སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ནི་བོད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞི་དང་ཆ་རྐྱེན་རེད།

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གིས་ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་ས་གཙང་འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། སྔོན་ཆད་ཀྱི་ཤང་དབུལ་པོ་ད་ཆ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་ཤང་དུ་གྱུར།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས“ལྗོན་ཤིང་མེད་པའི་གྲོང་ཚོ”དང་། “ལྗོན་ཤིང་མེད་པའི་དུད་ཚང” “ལྗོན་ཤིང་མེད་པའི་ཚན་པ” “སྔོ་ལྗང་ལྕགས་རི་རིང་པོ” “ཤིང་སྣ་རི་ལ་འདེབས་པ”སོགས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་གཞི་ཁྱོན་ཆེན་པོས་སྤེལ་བ་དང་འབྲེལ། ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་རྣམ་གྲངས་ལག་ལེན་བསྟར་ཏེ་རང་བྱུང་ཁམས་ལ་གཏོར་སྐྱོན་མི་གཏོང་བར་གདོད་མའི་རྣམ་པ་སྲུང་གང་ཐུབ་བྱས། 2019ལོར། བོད་ཀྱི་མི་4058ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་སྲུང་སྐྱོང་ཁུལ་ནས་གནས་སྤོས་བྱས།

སྣོད་བཅུད་ཁོར་ཡུག་བཟང་པོ་ནི་བོད་ཀྱི་མིང་བྱང་ཡག་ཤོས་རེད། 《2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར། 2019ལོར་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྣོད་བཅུད་མ་ལག་སྤྱིར་ན་བརྟན་པོ་བྱུང་ཡོད། བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

(རིག་འཛིན་རྡོ་རྗེས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)