《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

ཕྱི་འབྲེལ་པུས་བསྟན་དོན།

ཨ་རིས་སྔོན་ལ་ཆབ་སྲིད་ཐད་ཀྱི་བསྙད་བརྐོས་པས་ཀྲུང་གོར་དེ་མཚུངས་ཀྱི་ཁ་གཏད་གཅོག་དབང་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཁྲེང་ཏུར་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སྒོ་བརྒྱབ་པའི་གནས་ཚུལ་ངོ་སྤྲོད་བྱེད་སྐབས། ཨ་རིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ཏེ་སྔོན་ལ་ཆབ་སྲིད་ཐད་ཀྱི་བསྙད་བརྐོས་པས་ཀྲུང་གོར་དེ་མཚུངས་ཀྱི་ཁ་གཏད་བཅག་ནས་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དབང་དེ་བས་ཡོད་ཅེས་བརྗོད་པ་རེད།

དབང་ཝུན་པིན་གྱིས་དེ་ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། ཟླ་7ཚེས་21ཉིན། ཨ་རི་ཕྱོགས་རྐྱང་པས་རྩོད་གཞི་བསླངས་ཏེ་གློ་བུར་དུ་ཀྲུང་གོ་ཕྱོགས་ལ་ཤིའུ་སི་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སྒོ་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད། དེར་བརྟེན་ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཕྲལ་མར་འབྲེལ་ཡོད་ཀྱི་ནོར་འཁྲུལ་གཏན་འབེབས་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། དེ་ལྟར་མིན་ཚེ་ཀྲུང་གོས་ལུགས་མཐུན་དང་དགོས་ངེས་ཀྱི་ལན་སློག་རྒྱུ་ཡིན་ལུགས་བརྗོད་པ་རེད། ཟླ་7ཚེས་24ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་ཁྲེང་ཏུར་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སྒོ་རྒྱག་དགོས་པའི་བརྡ་ཐོ་བཏང་ཡོད་ཅེས་བརྗོད་པ་རེད།

དབང་ཝུན་པིན་གྱིས་ཚེས་27ཉིན་གྱི་སྔ་དྲོ་ཨ་རིའི་མི་སྣས་ཀྲུང་གོའི་བླང་བྱ་ལྟར་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཕྱིར་འཐེན་བྱས་པ་དང་། ཁྲེང་ཏུར་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སྒོ་བརྒྱབ་པ་རེད། དེ་རྗེས་ཀྲུང་གོའི་གཙོ་གཉེར་སྡེ་ཚན་གྱིས་གཞུང་སྒོ་ནས་འཛུལ་ཏེ་རྩིས་ལེན་དོ་དམ་བྱས་ཡོད། ཀྲུང་གོས་ཨ་རིར་ཁྲེང་ཏུར་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སྒོ་རྒྱག་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་རྩིས་ལེན་དོ་དམ་བྱས་པ་དེ་ནི་ཨ་རིས་ཤིའུ་སི་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་སྒོ་བརྒྱབ་པ་དང་འབྲེལ་བཙན་ཤེད་ངང་དེར་འཛུལ་བའི་ཁུངས་ལུང་མེད་པའི་བྱེད་སྤྱོད་དེར་ལུགས་མཐུན་དང་དགོས་ངེས་ཀྱི་ལན་སློག་པ་ཞིག་ཡིན་པས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་མཐུན་ལ་ཕྱི་འབྲེལ་གྱི་གོམས་སྲོལ་དང་ཡང་མཐུན་ཡོད་ཅེས་བརྗོད་པ་རེད།

“ཀྲུང་ཨ་དབར་ཐོན་པའི་མིག་སྔའི་སྣང་ཚུལ་དེ་རིགས་ང་ཚོས་མཐོང་འདོད་མེད། འགན་ཚང་མ་ཨ་རིར་ཡོད། ང་ཚོས་ཨ་རིར་འཕྲལ་མར་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་གཏན་གྱི་འཕེལ་རྒྱས་བགྲོད་ལམ་ཐོག་བསྐྱར་ལོག་བྱ་ཆེད་དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་དགོས་པའི་སྐུལ་ལྕག་ཡང་བསྐྱར་བྱ་རྒྱུ་ཡིན”ཞེས་དབང་ཝུན་པིན་གྱིས་བརྗོད་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་སྐལ་མཆོག་གིས་ཞུས)