《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་མཇུག་ཤོས་དེར་གློག་དྲ་ཆེན་པོ་སྦྲེལ་མཐུད་བྱས་པ།

བོད་ལྗོངས་མངའ་རིས་གློག་ཤུགས་དྲ་སྦྲེལ་ལས་གྲྭའི་གློག་སྐུད་ཚང་མ་ཁྲིད་ཟིན་པ།

ཞིང་འབྲོག་མང་ཚོགས་ཁྲི་38ལྷག་ཙམ་གྱི་གློག་བདེ་འཇགས་དང་བརྟན་པོའི་ངང་བེད་སྤྱོད་གཏོང་བའི་གནད་དོན་ཐག་གཅོད་ཐུབ་རེ་ཡོད་པ།

འདི་ནི་བཟོ་པ་ཚོས་མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་མཐུད་ཀྱི་གློག་སྐུད་འཁྲིད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་26ཉིན་གནས་ཚུལ་འབྱོར་གསལ། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་སྟེ། བོད་ལྗོངས་མངའ་རིས་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ཟླ་7ཚེས་26ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ནས་མངའ་རིས་ས་ཁུལ་བར་གྱི་གློག་སྐུད་ཚང་མ་ཁྲིད་ཟིན་ཞིང་། ལས་གྲྭ་འདི་ནི་ད་བར་འཛམ་གླིང་ཡོངས་སུ་ས་བབ་མཐོ་ཤོས་དང་གློག་ཤིང་དབར་བར་ཐག་རིང་ཤོས་ཀྱི་ཆེས་མཐོ་གནོན་གྱི་གློག་གཏོང་སྒྱུར་ལས་གྲྭ་ཞིག་ཡིན་པ་དང་། མཚོ་བོད་གློག་ཤུགས་དྲ་སྦྲེལ་དང་། ཁྲོན་བོད་གློག་ཤུགས་དྲ་སྦྲེལ། བོད་དབུས་གློག་ཤུགས་དྲ་སྦྲེལ་བཅས་ཀྱི་ལས་གྲྭའི་རྗེས་ཀྱི“གློག་ཤུགས་མཁའ་ལམ”བཞི་པ་དེ་རེད།

ལས་གྲྭའི་གློག་སྐུད་ཚང་མ་ཁྲིད་རྗེས་ཨར་ལས་ཚན་པས་ད་དུང་གློག་གཅོད་ཡོ་བྱད་སོགས་ལྷུ་ལག་བསྒར་བ་དང་དེ་བཞིན་གློག་སྒྱུར་ས་ཚིགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་དང་ཚོད་ལྟའི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད། སྔོན་དཔག་ལྟར་ན། འདི་ལོའི་ལོ་མཇུག་ཏུ་གློག་གཏོང་རྒྱུ་རེད། སྐབས་དེ་དུས་མངའ་རིས་ཀྱི་གློག་དྲ་ཁེར་རྐྱང་གཉེར་སྐྱོང་དང་མངའ་རིས་ས་ཁུལ་དུ་ཡུན་རིང་གློག་དཀོན་པའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་སྟེ། བོད་ཀྱི་གློག་དྲ་ཆེན་པོ་དང་སྦྲེལ་མཐུད་མི་ཐུབ་པའི་འབྲོང་པ་དང་། ས་དགའ། སྐྱིད་གྲོང་། གཉའ་ནང་། སྤུ་ཧྲེང་། སྒེར་རྩེ། མཚོ་ཆེན་བཅས་རྫོང་བདུན་ལ་གློག་དྲ་ཆེན་པོ་ཤར་གཏོང་ཐུབ་རྒྱུ་དང་། ལས་གྲྭའི་ལམ་རྒྱུད་ཀྱི་རྫོང་16གི་ཞིང་འབྲོག་མང་ཚོགས་ཁྲི་38ཀྱིས་གློག་བརྟན་པོའི་ངང་བེད་སྤྱོད་གཏོང་བའི་གནད་དོན་ཐག་གཅོད་དང་ལེགས་སུ་ཕྱིན་ཏེ། བོད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་ཕྱིར་གཏོང་ལ་སྐུལ་འདེད་ཐུབ་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་འགྲོ་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། གློག་ལམ་ཤར་གཏོང་ཐུབ་ན་དམངས་སེམས་གཅིག་ཏུ་བསྒྲིལ་ནས་ཕྱུག་པོའི་ལམ་དུ་དངོས་འབྲེལ་སྐྱོད་ཐུབ།

དེ་དང་དུས་མཚུངས་མངའ་རིས་གློག་ཤུགས་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་བོད་ལྗོངས་སུའང་ལྗོངས་ཡོངས་ཀྱི་རྫོང་74ཡི་མི་འབོར་ཁྲི་300ལྷག་ཙམ་ལ་ཁྱབ་པའི་གཅིག་གྱུར་གློག་དྲ་རིམ་གྱིས་ཆགས་ནས་དུས་ཡུན་རིང་པོར་བོད་ཀྱི་གློག་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་དང་གློག་མཁོ་སྤྲོད་ཀྱི་ཆུ་ཚད་ཧ་ཅང་ལེགས་སུ་ཕྱིན་ཏེ། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་གློག་ཤུགས་ཀྱི་འགན་ལེན་བརྟན་པོ་ཐུབ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མ་དངུལ་སྒོར་དུང་ཕྱུར་74བཏང་བའི་མངའ་རིས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭའི་འགོ་ནི་བསམ་གྲུབ་རྩེ་ཆུས་རྡོ་ལྷུན་གྱི་ཆན་ཧྥུའུ་220ཟིན་པའི་གློག་སྒྱུར་ས་ཚིགས་ནས་བཙུགས་པ་དང་མཇུག་ནི་མངའ་རིས་ས་ཁུལ་སྒར་རྫོང་གི་ཆན་ཧྥུའུ་220ཟིན་པའི་པ་ཧེར་གློག་སྒྱུར་ས་ཚིགས་བར་རེད། ལས་གྲྭ་འདི་ནི་2019ལོའི་ཟླ་དགུ་པར་སྐྲུན་འགོ་ཚུགས་པ་དང་། འཛུགས་སྐྲུན་བྱེད་མཁན་མི་ཁྲི་3ལྷག་ཙམ་ཡོད་པ། གློག་སྒྱུར་ས་ཚིགས་6བསྐྲུན་པ། གློག་སྐུད་སྟོང་སྨི་1689འཁྲིད་པ་རེད། ལས་གྲྭ་འདི་ནི་འཛམ་གླིང་ཡོངས་སུ་འགྲན་སློང་རང་བཞིན་ཆེ་ཤོས་ལྡན་པའི་ཆེས་མཐོ་གནོན་གྱི་གློག་གཏོང་སྒྱུར་ལས་གྲྭ་ཞིག་ཡིན། གློག་སྐུད་འཁྲིད་སྐབས་ཡར་ཀླུང་གཙང་པོ་ཐེངས་གསུམ་བཅད་པ་དང་། ས་བབ་སྨི་5000ལྷག་ཙམ་ཟིན་པའི་རི་མཐོ་མང་པོ་བརྒལ་བ། ཉིན་མོ་དང་མཚན་མོའི་དྲོད་ཚད་ཀྱི་ཧེ་བག་ཧྲེ་ཧྲི་ཏུའུ་25ཡན་ཟིན་པ། ལོར་ལས་ཀ་བྱེད་ཐུབ་པའི་ལས་ཡུན་ཟླ་བརྒྱད་ལྷག་ཙམ་ལས་མེད།

འདི་ལོའི་ཟླ་གཉིས་པ་ནས་བཟུང་རྒྱལ་ཁབ་གློག་དྲ་ཀུང་སིའི་ལས་འགོ་བསྐྱར་འཛུགས་བྱས་པའི་གཙོ་གནད་རྣམ་གྲངས་གྲས་ཤིག་ཡིན་པའི་ཆ་ནས་མངའ་རིས་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དུས་བཀག་བཞིན་ལས་འགོ་བསྐྱར་འཛུགས་ཐུབ་ནས་གོང་འོག་གི་ཁེ་ལས་མྱུར་དུ་ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། ལས་བཟོ་ལས་གནས་སུ་ལོག་ནས་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ལས་གྲྭ་འཛུགས་སྐྲུན་བྱེད་རིང་བོད་ཀྱི་ཞིང་འབྲོག་པ་2678ལས་ཀར་བཅུག་སྟེ་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།

(རིག་རྡོར་གྱིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)