《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月22日

མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་29དང་སྤྱི་པའི་འདུ་འཛོམས་ཁུལ་40ལ་སྲིད་འཛིན་གྱི་ཆད་པ་ཕོག་པ།

མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་29དང་སྤྱི་པའི་འདུ་འཛོམས་ཁུལ་40ལ་

སྲིད་འཛིན་གྱི་ཆད་པ་ཕོག་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་2020ལོའི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་མིང་ཐོ་ཁག་དང་པོ་བརྡ་ཁྱབ་བཏང་ནས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི(སྲིད་འཛིན་བྱེད་པོའི་ལྟོས་བཅས་མི་སྣ)དང་སྤྱི་པའི་འདུ་འཛོམས་ཁུལ་40ལ་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།

ད་ཐེངས་དམར་རྗེན་དུ་བཏོན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི(སྲིད་འཛིན་བྱེད་པོའི་ལྟོས་བཅས་མི་སྣ)དང་སྤྱི་པའི་འདུ་འཛོམས་ཁུལ་དེ་དག་གིས་སྨན་བཅོས་འཕྲོད་བསྟེན་དང་སྤྱི་པའི་འདུ་འཛོམས་བྱ་ཡུལ་གྱི་འཕྲོད་བསྟེན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལས་འགལ་བས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ལྟ་འདོམས་སུའོ་དང་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་ལྟ་འདོམས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཐ་ཚིག་བསྒྲགས་པ་དང་། སྒོར་500ནས་40000བར་གྱི་ཆད་པ་བཅད་པ། ཁྲིམས་འགལ་ངང་ཐོབ་པའི་སྨན་རྫས་དང་ཡོ་ཆས་གཞུང་བཞེས་བཏང་བ། གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་པ་སོགས་ཀྱི་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྲིད་ཁྲིམས་ལྟ་འདོམས་ཁྲུའུ་ཡི་འགན་འཁུར་བས། མིག་སྔར་སྨན་བཅོས་སྒྲིག་གཞི་ཁག་གཅིག་ལ་རྒྱལ་ཁབ་ཀྱི་ཚད་གཞི་མ་ལོན་པའི་དངོས་རྫས་སྤྱོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་མིན་པས་སྨན་བཅོས་བྱེད་པ། ཚོད་འཛིན་བྱེད་པའི་དུག་སྲིན་འགོག་སྨན་སྤྱོད་པ་སོགས་ཀྱི་བྱེད་སྤྱོད་ལྡན་པ་དང་། མི་འགའ་ཞིག་ལ《སྨན་བཅོས་སྒྲིག་གཞིའི་ལས་གཉེར་ཆོག་འཐུས་ལག་ཁྱེར》མེད་པར་རང་དགར་སྨན་བཅོས་བྱེད་པ་དང་སྨན་པའི་ཐོབ་ཐང་ལག་ཁྱེར་མེད་པར་སྨན་བཅོས་བྱེད་པའི་སྣང་ཚུལ་ལྡན་པ། སྤྱི་པའི་འདུ་འཛོམས་ཁུལ་ཁག་གཅིག་ལ《བདེ་ཐང་ཚད་ལོན་དཔང་ཡིག》མེད་པའི་ལས་དོན་མི་སྣས་མགྲོན་པོར་ཐད་ཀར་ཞབས་འདེགས་ཞུ་བ་དང་མགྲོན་པོར་མཁོ་འདོན་བྱས་པའི་སྤྱི་པའི་མཁོ་ཆས་ལ་དུག་སེལ་བྱས་མེད་པ་སོགས་ཀྱི་བྱེད་སྤྱོད་འདུག་ཅེས་ངོ་སྤྲོད་བྱས།

ངོ་སྤྲོད་བྱས་པར་གཞིགས་ན། 2017ལོ་ནས་བཟུང་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“བདེ་ཐང་གི་མཚོ་སྔོན་ལ་ཕུབ་སྔོན་གྱིས་སྲུང་སྐྱོང་བྱེད་པའི”བྱ་སྤྱོད་རབ་དང་རིམ་པ་སྤེལ་ཏེ། སྤྱི་ཚོགས་ནས་དོ་སྣང་ཆེན་པོ་བྱེད་པ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་མངོན་གསལ་དོད་པའི་གནད་དོན་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་དང་། སྤྱི་པའི་འཕྲོད་བསྟེན། འགོ་ནད་འགོག་བཅོས། སྨན་བཅོས་ཀྱི་ཟོག་རོ་དོ་དམ། འཐུང་ཆུ་དང་ཆུ་དང་འབྲེལ་བའི་ཐོན་རྫས་ཀྱི་འཕྲོད་བསྟེན། འཆར་ལྡན་བུ་བཙའི་ལག་རྩལ་ཞབས་ཞུ། སྨན་བཅོས་བརྡ་ཆའི་ཆེད་དོན་བཅོས་སྒྲིག དམངས་གཉེར་སྨན་བཅོས་སྒྲིག་གཞིའི་ཚད་ལྡན་དོ་དམ་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སོགས“བདེ་ཐང་གི་མཚོ་སྔོན་ལ་ཕུབ་སྔོན་གྱིས་སྲུང་སྐྱོང་བྱེད་པའི”བྱ་སྤྱོད་ཁག་ནང་བཅུག་པ་རེད། མཚོ་སྔོན་གྱིས་ལྟ་འདོམས་ཁྲིམས་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་ལྟ་འདོམས་ཁྲིམས་འཛིན་གྱི་སྤྱི་ཚོགས་ཀྱི་གླེང་ཕྱོགས་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་རེད།