《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月22日

ཀྲུང་གོའི་ནང་སྲིད་ལ་རྒྱལ་ཁབ་གཞན་གྱིས་ཐེ་ཇུས་བྱེད་མི་རུང་།

—— ཨ་རིས“ཤང་ཀང་གི་རང་སྐྱོང་ཁྲིམས་གཞི”ཟེར་བར་མིང་རྟགས་བཀོད་ནས་ཁྲིམས་སྲོལ་ལ་བསྒྱུར་བར་རྒྱལ་ཁབ་མང་པོའི་མི་སྣས་སྐྱོན་བརྗོད་བྱས་པ།

ཉེ་ཆར། ཀྲུང་གོ་ཕྱོགས་ཀྱིས་དྲང་ནན་གྱི་འབྲེལ་གཏུག་བྱས་པར་མི་ལྟོས་པར། ཨ་རི་ཕྱོགས་ཀྱིས་ཨ་རིའི་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི“ཤང་ཀང་གི་རང་སྐྱོང་ཁྲིམས་གཞི”ཟེར་བར་མིང་རྟགས་བཀོད་ནས་ཁྲིམས་སྲོལ་ལ་བསྒྱུར་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཞིག་གིས་བྱ་སྤྱོད་དེ་ནི་ཀྲུང་གོའི་ནང་སྲིད་ལ་སྨྱོ་ཧམ་ཆེན་པོས་ཐེ་ཇུས་བྱས་པ་ཞིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་བ་ཞིག་རེད། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་པ་དང་ལག་ལེན་བསྟར་བ་ནི་ཀྲུང་གོའི་ནང་སྲིད་ཡིན་པས་རྒྱལ་ཁབ་གཞན་དག་ལ་ཐེ་ཇུས་བྱེད་པའི་དབང་ཆ་གང་ཡང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

པོ་ཚེ་ཝ་ནའི་རྒྱལ་སྤྱིའི་ལས་དོན་དང་མཉམ་ལས་པུའི་རྒྱུན་ལས་དྲུང་ཡིག་ཀའེ་རྨི་ལེ་ཝུའེ·ཀེ་ཙི་མ་ཨེན་གྱིས། ཤང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ཁུལ་ཞིག་ཡིན་པས་ཤང་ཀང་གི་ལས་དོན་ཚང་མ་ནི་ཀྲུང་གོའི་ནང་སྲིད་ཡིན། ཀྲུང་གོས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་པ་དང་ལག་ལེན་བསྟར་བའི་དམིགས་ཡུལ་ནི་ཤང་ཀང་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བའི་ཆེད་དུ་རེད། ཨ་རིར་ཀྲུང་གོར་གནོན་ཤུགས་སྤྲོད་པའི་རྒྱུ་མཚན་གང་ཡང་མེད་ལ་ཀྲུང་གོའི་ནང་སྲིད་ལ་དེ་བས་ཀྱང་ཐེ་ཇུས་བྱ་རྒྱུ་མེད་ཅེས་བསྟན་པ་རེད།

ཙན་པི་ཡའི་ས་ཧ་ལ་ལྷོ་རྒྱུད་ས་ཁུལ་གྱི་བློ་འདྲི་ཚོགས་པའི་སྤྱི་ཁྱབ་ཅིང་ལི་དང་ཚོང་དོན་རིགས་གཅིག་མཁས་ཅན་ཐེ་ལེ་ཕུའུ·ཤིས་མོང་པཱ་ཡིས། ཨ་རིས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་དོན་གྲོས་གཞི་ཟེར་བར་མིང་རྟགས་བཀོད་ནས་ཁྲིམས་སྲོལ་ལ་བསྒྱུར་བ་ནི་ཀྲུང་གོའི་ནང་སྲིད་ལ་སྨྱོ་ཧམ་ཆེན་པོས་ཐེ་ཇུས་བྱས་པ་ཞིག་རེད་ལ། ཨ་རིའི་སྲིད་ཚོང་པ་འགའ་ཞིག་གིས་རང་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་རིམས་འགོག་ནུས་ལྡན་མ་བྱུང་བར་སྐྱོན་བརྗོད་ཕོག་པ་དང་རྒྱལ་ནང་གི་རིགས་རྒྱུད་དབར་གྱི་འགལ་ཟླ་ཆེ་རུ་སོང་བའི་རྒྱབ་ལྗོངས་འོག རྒྱལ་ནང་གི་ཆབ་སྲིད་གནོན་ཤུགས་གཞན་སྒྱུར་བྱེད་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཀག་ན་དྲག་ཆས་དཔུང་སྡེའི་བཀོད་འདོམས་དང་ཇུས་འདོན་སློབ་གླིང་གི་རྒྱལ་སྤྱིའི་འབྲེལ་བའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཕུའུ་ལ་ཅི་རྨིར·ཨན་ཐེ་ཝུའེ—ཏན་སུའུ་ཡིས། ཤང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ཁུལ་ཞིག་ཡིན་པས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་པ་དང་ལག་ལེན་བསྟར་བ་ནི་ཀྲུང་གོའི་ནང་སྲིད་ཅིག་རེད། འཛམ་གླིང་ཐོག་གི་རྒྱལ་ཁབ་སུ་ཞིག་ལའང་ཚང་མར་ཐེ་ཇུས་བྱེད་པའི་དབང་ཆ་མེད། ཨ་རིས་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་དོན་གྲོས་གཞི་ཟེར་བར་མིང་རྟགས་བཀོད་ནས་ཁྲིམས་སྲོལ་དུ་བསྒྱུར་བ་དེས་ཤང་ཀང་གི་འཕེལ་རྒྱས་དང་ཁེ་ཕན་ལ་གནོད་སྐྱོན་བཏང་ཡོད་ཅེས་བཤད་པ་རེད།

སུའུ་ཏན་གྱི་མུའུ་ཅ་ཐ་ལི་པིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་མུའུ་ཧན་མོ་ཏི·ནཱ་ཡེས། ཤང་ཀང་གི་ལས་དོན་ཚང་མ་ཀྲུང་གོའི་ནང་སྲིད་རེད། ཨ་རིས“འགྲོ་བ་མིའི་ཐོབ་ཐང”དང“དམངས་གཙོ”སོགས་ལ་ཁ་གཡར་ནས། ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་དོན་གྲོས་གཞིར་མིང་རྟགས་བཀོད་དེ་ཁྲིམས་སྲོལ་ལ་བསྒྱུར་ནས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱ་རྒྱུའི་རེ་ངན་བཅངས་ཡོད། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐར་ཕྱིན་པ་བྱེད་ངེས་རེད་ཅེས་བསྟན་པ་རེད།

ཁ་རེ་ཤེ་ཡའི་བྱང་ཕྱོགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཕུའུ་ལ་ཉེ་ཨའོ·མ་ལེའི་ཏི་ཆིས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་པ་དང་ལག་ལེན་བསྟར་བ་ནི་ཀྲུང་གོས་རང་ཉིད་ཀྱི་བདག་དབང་སྲུང་སྐྱོང་བྱེད་པའི་ལུགས་མཐུན་བྱ་སྤྱོད་ཅིག་རེད། ཨ་རིའི་སྲིད་ཚོང་པ་འགའ་ཞིག་གིས་སྔར་ནས་ད་བར་འདུམ་གཅོད་པ་ཡིན་ཁུལ་བྱས་ཏེ། ཤང་ཀང་གི་ལས་དོན་ཐད་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམས་མེད་ངང་ཐེ་ཇུས་ཐེངས་མང་བྱས་པ་དང་ད་རེས་ཡང་ཤང་ཀང་དང་འབྲེལ་བ་ཡོད་པའི་ཁྲིམས་དོན་གྲོས་གཞིར་མིང་རྟགས་བཀོད་ནས་ཁྲིམས་སྲོལ་ལ་བསྒྱུར་བ་དང་འབྲེལ་བཀག་སྡོམ་བྱས་ན། རྙོག་འཛིང་བཟོ་རྒྱུ་ལས་གཞན་གང་ཡང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཀེ་རི་སེའི་མཁས་དབང་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་རྒྱལ་ཁབ་ཕྱི་ཕྱོགས་སྒོ་དབྱེ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཕེ་ལ·ཁ་པ་ཤིས་ཨོ་ཐ་ཅི་ཡིས། ཨ་རིའི་སྲིད་ཚོང་པ་འགའ་ཞིག་གིས་ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་ནི་གཞན་གྱིས་འགོག་ཐབས་བྲལ་བ་ཞིག་ཡིན་པའི་དོན་དངོས་དང་དེ་བཞིན་སྐྱོན་བྲལ་དང་བརྟན་ལྷིང་གི་ཀྲུང་ཨའི་འབྲེལ་བས་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་ཐ་ན་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཐད་ཀྱི་གལ་ཆེའི་རང་བཞིན་སྣང་མེད་དུ་བཏང་ནས། ཤང་ཀང་གི་ལས་དོན་ལ་ཁ་གཡར་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པ་དང་། ཀྲུང་གོར་མིང་ཆད་ངན་པ་བཟོ་བ། ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་བཅས་ནི་ཉེན་ཁ་ཤིན་ཏུ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)