《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

ཀྲུང་གོ་དང་ཐེ་ལན་གྱི་མཉམ་ལས་ཆེད་ལག་རྩལ་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་པ།

ཐེ་ལན་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཀོང་ཡུང་།

“མེ་འཁོར་བབས་ཚུགས་སུ་སླེབས་གྲབས་ཡོད་པས་འཁོར་རྒྱུག་བརྡ་རྟགས་ལ་ཡིད་གཟབ་གནང་རོགས”ཐེ་ལན་གྱི་པན་ཧྥེ་ལས་རིགས་ལག་རྩལ་སློབ་གླིང་གི་ལྕགས་ལམ་འགྲིམ་འགྲུལ་ཆེད་ལས་ཀྱི་སློབ་མ་ཚའེ་མུའུ་ཡིས་གློག་ཀླད་ལ་ཞིབ་པར་བལྟས་ཏེ་ཁ་ལོ་བས་མེ་འཁོར་གྱི་འདྲ་བཟོའི་ཁ་ལོ་སྒྱུར་ཁང་ནང་ལག་རྩལ་བྱང་ཆུབ་པའི་ཁ་ལོ་སྒྱུར་སྟངས་ལ་ལྟ་བཞིན་ཡོད། གློག་ཀླད་ཐོག་རྒྱ་ཡིག་དང་། སྒྲ་སྦྱོར། ཐེ་ལན་གྱི་ཡི་གེ་བཅས་ཡོད་པ་དང་ཚའེ་མུའུ་ཡིས་ཟིན་བྲིས་རྒྱག་བཞིན་དལ་བུར་མཉམ་དུ་ཀློག་བཞིན་ཡོད། ཚའེ་མུའུ་ཡིས་སློབ་སྦྱོང་བྱེད་པ་ནི《ཀྲུང་གོར་བསྐྱོད་ནས་ལག་རྩལ་སྦྱོང་བ》ཞེས་པའི་སློབ་ཚན་དེ་རེད། དེ་ནི་ཐེ་ལན་གྱི་ཁུང་ཅིང་སློབ་ཆེན་ཁུང་ཙི་སློབ་གླིང་གིས་གསར་སྤེལ་བྱས་པའི་ས་གནས་དེ་གའི་རྒྱ་སྐད་ཀྱི་དྲ་ཐོག་སློབ་ཚན་ཐོག་མ་དེ་རེད།

སློབ་ཚན་དེ་ན་ནིང་གི་ཟླ་8པ་ནས་འཆར་འགོད་བྱས་པ་དང་ཀྲུང་གོ་དང་ཐེ་ལན་གྱིས་མཉམ་ལས་གཏིང་ཟབ་བྱས་པ་དང་། ཕྱོགས་གཉིས་པོའི་ཁེ་ལས་དང་སློབ་གྲྭའི་བསམ་འཆར་དང་དགོས་མཁོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས་ཐེ་ལན་དུ་དགོས་གལ་ཆེ་བའི་ལྕགས་ལམ་དང་། ཟོག་འགྲེམས། གློག་རྡུལ་ཆ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ཤེས་བྱ་དེ་སློབ་ཁྲིད་ཀྱི་ནང་དོན་ཁག་དང་པོར་བརྩི་རྒྱུ་ཡིན་པ་རེད། མིག་སྔར་སློབ་ཚན་དེས《ལྕགས་ལམ་སྐྱེལ་འདྲེན་གྱི་རྒྱ་སྐད》དང《གློག་རྡུལ་ཆ་འཕྲིན་ལག་རྩལ་གྱི་རྒྱ་སྐད》བཏོན་ནས་ཐེ་ལན་གྱི་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་རྒྱ་ཡིག་དང་ཆེད་ལས་ལག་རྩལ་སྦྱོང་བར་ལས་སྟེགས་གསར་པ་བསྐྲུན་ཡོད་པ་རེད།

པན་ཧྥེ་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་ཀྲན་ཡཱ་ཡིས་གསར་འགོད་པར་ཐེ་ཀྲུང་རྒྱལ་ཁབ་གཉིས་པོས་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཐད་མཉམ་ལས་བྱེད་བཞིན་ཡོད་པས་སློབ་གླིང་གིས་ཀྱང་ལྕགས་ལམ་འགྲིམ་འགྲུལ་གྱི་ཆེད་ལས་ཆེད་མངགས་བཟོས་ཡོད། སློབ་ཚན་དེས་སློབ་མ་ཚོས་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཐད་ཀྱི་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་སློབ་སྦྱོང་བྱེད་ཐུབ་ནས། ཕྱིས་སུ་ཐེ་ལན་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་གཉེར་སྐྱོང་དང་དོ་དམ་ཁྲོད་ཞུགས་རྒྱུའི་གོ་སྐབས་རག་ཐུབ་ཅེས་ངོ་སྤྲོད་བྱས།

2016ལོ་ནས་བཟུང་ཁུང་ཅིང་སློབ་ཆེན་ཁུང་ཙི་སློབ་གླིང་གིས“ཀྲུང་ཐེའི་མྱུར་བགྲོད་ལྕགས་ལམ་གྱི་རྒྱ་སྐད་གསོ་སྦྱོང་རྣམ་གྲངས”སྐབས་བཞི་བསྟུད་མར་གཉེར་ནས་ཐེ་ལན་གྱི་སྤྱི་ཚོགས་ལ་ལྕགས་ལམ་ལག་རྩལ་གྱི་ཤེས་ལྡན་པ་100ལྷག་ཙམ་གསོ་སྐྱོང་བྱས་ཏེ་ཀྲུང་ཐེའི་ལས་རིགས་གསོ་སྦྱོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། ཁུང་ཅིང་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ཧུའུ་ལིན་གྱིས་སླད་ཕྱིན་མུ་མཐུད་ཐེ་ལན་གྱི་སློབ་གསོ་པུའི་ལས་རིགས་སློབ་གསོ་ཨུ་ལྷན་དང་། ཀྲུང་ཐེ་ཕྱོགས་ཀྱི་ལས་རིགས་སློབ་གླིང་། ཀྲུང་ཐེ་ལས་རིགས་སློབ་གསོའི་མནའ་འབྲེལ་སོགས་དང་མཉམ་ལས་བྱས་ནས་སློབ་ཚན་དེ་སྤྱི་ཚོགས་ལ་ཕྱོགས་རྒྱུའི་སྐུལ་འདེད་བཏང་ནས་ཐེ་ལན་གྱི་ལས་རིགས་སློབ་གླིང་གི་སློབ་མ་དང་དེ་བཞིན་འབྲེལ་ཡོད་ལས་རིགས་ལག་རྩལ་མི་སྣ་དེ་བས་མང་བར་ཕན་པ་ཐོབ་པ་བྱས་ཏེ་ཀྲུང་ཐེའི་མཉམ་ལས་ཆེད་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(བསོད་བདེ་གཞོན་པས་བསྒྱུར། བསྟན་བཟང་གིས་ཞུས)