《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

ཨར་འདམ་ལམ་བུ་གསར་དུ་བསྐྲུན་པ་ལས། རྟ་བོང་བཀོལ་བའི་ལོ་རྒྱུས་མཇུག་ལ་འགྲིལ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའོ་ཧྥུང་ཡོན་དང་སྐལ་བཟང་དཔལ་འབྱོར།

2017ལོར་གོང་དཀར་རྫོང་སྲིད་གཞུང་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག ཁྱིམ་བཞི་གྲོང་ཚོ་དང་ཤུར་གྲོང་ཚོའི་ཀྱག་ཀྱོག་གི་ལམ་བུར་ཨར་འདམ་ལམ་སྐྲུན་འགོ་ཚུགས་ཤིང་། 2018ལོར། སྤྱིའི་རིང་ཚད་ལ་སྤྱི་ལེ་12ཙམ་ཡོད་ཅིང་། མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་བའི་གཞུང་ལམ་དེ་བསྐྲུན་ཟིན་པ་ལས་ཡུལ་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྦྲགས། 2019ལོར་ཁྱིམ་བཞི་ཤང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3ལས་བརྒལ་ཡོད།

གྲོང་ཁྱེར་གྱི་གྲོང་མི་མང་ཆེ་བའི་ངོས་ནས་བཤད་ན། དངོས་ཟོག་རྟ་བོང་ལ་བཀལ་ནས་སྐྱེལ་འདྲེན་བྱེད་པའི་དུས་རབས་སྔ་ས་ནས་མཇུག་འགྲིལ་བའི་ལོ་རྒྱུས་སུ་གྱུར་མོད། འོན་ཀྱང་ཁྱིམ་བཞི་ཤང་གི་ཡུལ་མིའི་ངོས་ནས་བརྗོད་ན་དེ་ནི་ལོ་འགའི་སྔོན་གྱི་འཚོ་བའི་ཁྲོད་ཀྱི་རྒྱུན་རྣམ་ཞིག་རེད།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་གནས་པའི་ཁྱིམ་བཞི་ཤང་ནི་མཐའ་བཞི་རི་བོས་བསྐོར་ཞིང་། འགྲོ་ལམ་ཀྱག་ཅིང་ཀྱོག་པའི་ཤང་ཞིག་རེད། ལྷག་པར་དུ་ཁྱིམ་བཞི་གྲོང་ཚོ་དང་ཤུར་གྲོང་ཚོའི་སྡོད་ཁང་ཁ་ཐོར་དུ་གནས་པ་མ་ཟད། ཁྱིམ་ཚང་འགའ་ཞིག་ད་དུང་ཡང་རི་ཁྲོད་དུ་ཆགས་ཡོད།

“ང་ཚོ་ཆུང་དུས་ཁྱིམ་ཚང་ཕལ་ཆེ་བར་བོང་བུ་ཡོད། ལོ་འགའི་སྔོན་དུའང་གྲོང་ཚོའི་ནང་སྔར་བཞིན་ས་ལམ་ཡིན་སྟབས་ཕྱིར་སྐྱོད་སྐབས་རྐང་ཐང་མར་སྤྱི་ལེ་རེ་གཉིས་བསྐྱོད་རྗེས་ཐོ་ཕྲུག་ནང་བསྡད་ན་གཞི་ནས་གྲོང་རྡལ་དུ་སླེབས་ཀྱི་འདུག ལྷག་པར་དུ་ཆར་པ་དང་གངས་འབབ་སྐབས་སམ་ཡང་ན་དངོས་ཟོག་ལྕི་པོའི་རིགས་དབོར་སྐབས། ཡུལ་མི་མང་པོས་བོང་བུར་བརྟེན་རྒྱུ་ལས་མ་འདས”ཞེས་ལོ་43ལ་སླེབས་པའི་ཁྱིམ་བཞི་གྲོང་ཚོའི་ཡུལ་མི་བློ་བཟང་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་བཤད།

ལོ་54ལ་སླེབས་པའི་ཤུར་གྲོང་ཚོའི་ཡུལ་མི་བྱམས་པས་གསར་འགོད་པར་ངའི་ཁྱིམ་དུ་དེ་སྔོན་བོང་བུ་གཅིག་དང་རྟ་གཅིག་ཡོད། ཁྱིམ་གྱི་སྒོ་རྩར་རི་གཟར་ལམ་དུམ་ཞིག་ཡོད་པས། ཁྱིམ་ལ་ཅ་དངོས་ལྕི་རིགས་དབོར་རིམ་བཞིན། བོང་བུ་དང་རྟར་བརྟེན་དགོས་ལ། དུས་ཚོད་དང་ནུས་ཤུགས་མང་པོའང་འདོན་དགོས་ཀྱི་ཡོད་ཅེས་བཤད།

“སྐབས་དེ་དུས་འགྲིམ་འགྲུལ་ཤར་གཏོང་མ་ཐུབ་པས། ཡུལ་མི་མང་ཆེ་བས་ལྷ་ས་སོགས་སུ་གླ་པར་རྒྱུག་གི་ཡོད། འོན་ཀྱང་གྲོང་ཁྱེར་ནང་ཁང་གླ་དང་ཟོག་གོང་མཐོ་བར་བརྟེན། ལོ་གཅིག་ནང་དངུལ་མང་པོ་གསོག་ཐུབ་ཀྱི་མེད”ཅེས་ཁྱིམ་བཞི་ཤང་གི་ཤང་ཀྲང་གཞོན་པ་བསྟན་འཛིན་ནོར་བུས་བཤད།

2017ལོར་གོང་དཀར་རྫོང་སྲིད་གཞུང་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག ཁྱིམ་བཞི་གྲོང་ཚོ་དང་ཤུར་གྲོང་ཚོའི་འཕྲང་ལམ་ཀྱག་ཀྱོག་ལམ་བུར་ཨར་འདམ་ལམ་བསྐྲུན་པ་ལས་ཡུལ་མིའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

“ཡུལ་མིའི་སྒོ་རྩ་བར་ལམ་སྐྲུན་གང་ཐུབ་བྱ་རྒྱུ་ནི་སྐབས་དེའི་ང་ཚོའི་འགྲོ་ལམ་སྐྲུན་པའི་རྩ་དོན་ཡིན། འགྲིམ་འགྲུལ་སྟབས་བདེ་རུ་སོང་བས་ཕྱིར་གླ་པ་རྒྱུགས་མཁན་མང་པོ་ཞིག་ལོག་ཡོང་སྟེ་རང་ཁྱིམ་དུ་ས་གནས་དེ་གའི་སྲོལ་རྒྱུན་གྱི་སྣམ་བུ་འཐག་ནས་གྲོང་རྡལ་དུ་འཚོང་བར་འགྲོ་གི་ཡོད”ཅེས་བསྟན་འཛིན་ནོར་བུས་རྒྱང་རིང་གི་རིའི་སྒང་ལ་བསྐྲུན་པའི་ཁང་པ་ཞིག་ལ་མཛུབ་མོ་འཛུགས་བཞིན་བཤད།

སྐལ་བཟང་དོན་གྲུབ་ནི་དེའི་ཁྲོད་ཀྱི་གཅིག་རེད། ཨར་འདམ་ལམ་བསྐྲུན་པའི་རྗེས། ཁོང་གིས་ཁྱིམ་དུ་སྣམ་བུ་འཐག་གི་ཡོད། རང་གི་ལག་གཉིས་ལ་བརྟེན་ནས་འཐག་པའི་སྣམ་བུ་བུབས་རིལ་གཅིག་ལ་རིན་གོང་མཐོ་ཤོས་ལ་སྒོར་ཁྲི་2ཡས་མས་རག་གི་ཡོད།

“ད་ཆ་ངའི་ལོ་རེའི་ཡོང་འབབ་དེ་སྔའི་ས་ལམ་སྐབས་དང་བསྡུར་ན་སྒོར་ཁྲི་2ལྷག་ཙམ་མང་དུ་ཕྱིན་འདུག”སྐལ་བཟང་དོན་གྲུབ་ཀྱིས་ངས་ད་ལྟ་གློག་འགུལ་འཁོར་གསུམ་སྦག་སྦག་བཞོན་ནས་ཤུར་གྲོང་ཚོ་དང་ས་གནས་འདི་གའི་ཚོང་ལས་ལྟེ་གནས་ཏེ་ལྕེ་བདེ་ཞོལ་གྲོང་རྡལ་དབར་ཕར་འགྲོ་ཚུར་འོང་བྱས་ཏེ། རང་ཉིད་ཀྱིས་བཏགས་པའི་སྣམ་བུ་མི་དེ་བས་མང་བར་འཚོང་བར་འགྲོ་གི་ཡོད་ཅེས་བཤད།

ཨར་འདམ་ལམ་བསྐྲུན་རྗེས། བྱམས་པའི་སྒོ་རའི་ནང་རྟ་བོང་གསོ་བའི་ལོ་རྒྱུས་མཇུག་སྒྲིལ་ཡོད། “ང་ཚོས་གཞུང་ལམ་འདི་བསྐྲུན་རྒྱུར་རེ་སྒུག་ཆེན་པོ་བྱས་པ་ཡིན། འགྲོ་ལམ་ཤར་གཏོང་ཐུབ་ནས་ཡུན་རིང་མ་སོང་བར། ངས་ཁྱིམ་གྱི་རྟ་དང་བོང་བུ་མི་ལ་སྟེར་བ་ཡིན”ཞེས་བྱམས་པས་འཛུམ་དམུལ་དམུལ་ངང་བཤད།

ད་ཆ་ཁྱིམ་ཆས་བཟོ་གྲྭ་བཙུགས་པར་བརྟེན། བྱམས་པས་ཟོག་འཁོར་ཆུང་གྲས་སོགས་འགྲིམ་འགྲུལ་ཡོ་ཆས་སྔ་རྗེས་སུ་ཉོས་པའི་ཁར། ངལ་ནུས་དང་སྣམ་བུ་འཐག་པའི་ཡོང་འབབ་རྩིས་ན་བྱམས་པའི་ཁྱིམ་གྱི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་ནས་གྲོང་ཚོའི་ནང་གི་ཕྱུག་པོའི་དུད་ཚང་གི་གྲས་སུ་གྱུར་ཡོད།

ཁྱིམ་བཞི་ཤང་སྲིད་གཞུང་གི་ནོར་སྲིད་གྲངས་གཞིར་གཞིགས་ན། འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྦྲགས། 2019ལོར་ཁྱིམ་བཞི་ཤང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3ལས་བརྒལ་ཡོད།

“ད་ཆ་ཨར་འདམ་ལམ་བསྐྲུན་ཟིན་ཞིང་། ཁྱིམ་ཚང་མི་རེ་ངོ་རེས་ཞིང་འཕྲུལ་ཉོས་ཡོད། ཤང་ཡོངས་ལ་བོང་བུ་14ཁོ་ན་ལས་ལྷག་མེད་པ་དག་ཡུལ་མི་འགའ་ཞིག་གིས་རིར་སྐྱོད་སྐབས་མཚམས་རེ་ཅ་དངོས་དབོར་དུས་བཀོལ་སྤྱོད་བྱེད་ཀྱི་ཡོད། ཁྱིམ་བཞི་གྲོང་ཚོའི་ཡུལ་མིས་བོང་བུ་འདེད་དེ་དབོར་འདྲེན་བྱེད་པའི་འཚོ་བ་ད་ཆ་ལོ་རྒྱུས་སུ་གྱུར་ཟིན”ཞེས་བསྟན་འཛིན་ནོར་བུས་བཤད།

(ཚེ་དབང་ལྷ་མོས་བསྒྱུར། སྤེན་པ་ཚེ་རིང་གིས་ཞུས)