《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་བཟང་བའི་ངོས་འཛིན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུས་སུའུ་ཕེ། སུན་ཨོའུ་མོང་།

སྒོར་དུང་ཕྱུར་ཁྲི་16.91ཟིན་པ། དེ་ནི་ཀྲུང་གོའི“6·18”ཟོག་ཉོའི་དུས་ཆེན་རིང་དྲ་སྦྲེལ་ལས་སྟེགས་བརྒྱུད། དྲ་རྒྱའི་གཏོང་སྤྲོད་ཉོ་ཚོང་གི་གྲངས་འབོར་ཡིན་པ་དང་། ལོ་གོང་མའི་དུས་མཚུངས་དང་བསྡུར་ན་42%འཕར་ཡོད།

བསྐུར་མ་དུང་ཕྱུར་46.78ཟིན་པ། དེ་ནི་ཀྲུང་གོའི་རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི“6·18”ཟོག་ཉོའི་དུས་ཆེན་རིང་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོའི་སྒྲུབ་འབོར་ཡིན་པ་དང་། ལོ་གོང་མའི་དུས་མཚུངས་དང་བསྡུར་ན་48.66%འཕར་ཡོད།

གོང་གསལ་གྱི་གྲངས་གཞི་ལས་མངོན་གསལ། འདི་ལོ་ཀྲུང་གོའི“6·18”ཟོག་ཉོའི་དུས་ཆེན་རིང་ཉོ་ཚོང་བྱེད་ཚད་ཇེ་མཐོར་སོང་ཡོད། ཕྱི་རྒྱལ་གྱི་མི་སྣས་རིམས་ནད་ཐོན་རིང་དུའང་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་སྔར་བཞིན་འཕེལ་རྒྱས་བྱུང་ནས་སྤྱི་ཚོགས་ཡོངས་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུར་འགན་སྲུང་བྱས་པ་མ་ཟད། ད་དུང་དེ་ལས་ཐོན་པའི་སྒུལ་ཤུགས་གསར་པས་སླད་ཕྱིན་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ནུས་གསར་པ་མཁོ་འདོན་ཐུབ་རྒྱུ་ཡིན་པའི་ངོས་འཛིན་རྒྱ་ཁྱབ་ཏུ་བྱེད་ཀྱི་ཡོད།

ཤི་མན་ཙེ་ཀྲུང་ཧྭ་ཆེན་པོའི་ཁུལ་གྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཧེར་མན་གྱིས། གོ་ལ་ཧྲིལ་པོར་ཏོག་གསར་རིམས་ནད་མཆེད་པ་ལས་གྲངས་གཞི་ཅན་དུ་འཕེལ་རྒྱས་དེ་བས་མྱུར་པོ་འགྲོ་བའི་འཕེལ་ཕྱོགས་ཤིག་ཐོན་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཀྲུང་གོའི་ཁེ་ལས་ཀྱིས་གྲངས་གཞི་ཅན་གྱི་ལག་རྩལ་ལ་བརྟེན་པ་དང་སྤྱོད་པའི་འདུན་པ་ཤིན་ཏུ་ཆེན་པོ་ཡོད། རིམས་ནད་ལས་ཁེ་ལས་ཀྱི་གྲངས་འཛིན་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

རི་པིན་གྱི་ཐོ་ཁེའོ་སློབ་ཆེན་གྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་དབན་ཁྲོན་ཀྲེ་ཞུང་གིས། རིམས་ནད་ཀྱི་རྡབ་རྡེག་མདུན་དུ། ཀྲུང་གོས་མགྱོགས་མྱུར་གནས་ཚུལ་དང་འཚམ་འཕྲོད་ཡོང་བ་བྱས་པ་དང་འབྲེལ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། དྲ་ཐོག་ཞབས་ཞུ་སོགས་ཀྱི་ལག་རྩལ་རིམས་འགོག་ཐད་སྤྱད་དང་སྤྱོད་བཞིན་ཡོད། མིག་སྔར་ཀྲུང་གོའི་དཔལ་འབྱོར་སླར་གསོ་ཐུབ་བཞིན་ཡོད་པ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་ཐད་སྐུལ་ཁྲིད་ཐུབ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཏོག་གསར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་རྒྱབ་ལྗོངས་འོག་ཏུའང་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་སྔར་བཞིན་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ། ཐོན་ལས་ལེགས་ལྡན་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།

ཀྲུང་གོས་5Gདྲ་རྒྱ་དང་གྲངས་གཞིའི་ལྟེ་གནས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོ་བཟོ་འཕྲིན་པུས་ཚེས་3ཉིན་ཡོངས་བསྒྲགས་བྱས་པའི་བརྡ་ཐོ་ལས་5Gལག་རྩལ་ཉེར་སྤྱོད་བྱ་ཡུལ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པའི་ནང་ཆ་འཕྲིན་འཛད་སྤྱོད་གསར་པར་སྐུལ་འདེད་གཏོང་རྒྱུ་དང་། “5G+སྨན་བཅོས་བདེ་ཐང”གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། “5G+བཟོ་ལས་དྲ་སྦྲེལ” 512འདུ་འགོད་ལག་བསྟར་བྱ་རྒྱུ། “5G+རླངས་འཁོར་མཉམ་འབྲེལ་དྲ་བ”མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཚུད་ཡོད།

ཧྥིན་ལན་གྱི་གྲགས་ཅན་མཁས་དབང་ཁེར·ཧྥེས། 5Gདྲ་རྒྱ་ཚབ་མཚོན་དུ་བྱས་ཏེ། ཀྲུང་གོས“རྨང་གཞིའི་འཛུགས་སྐྲུན་གསར་པར”གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བར་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད། དེ་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་བ་གཏོད་རྒྱུར་ཕན་པ་ཡོད་ལ། ད་དུང་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་དེ་བས་ལེགས་པའི་སྒོ་ནས་གཏོང་ཐུབ་ཅེས་བརྗོད་པ་རེད།

ཉེ་ཆར་སི་ཕེན་གྱི《རྒྱལ་ཁབ་ཚགས་པར》གྱི་དྲ་ཚིགས་ཐོག《གྲངས་འཛིན་དཔལ་འབྱོར། ཀྲུང་གོའི་ལས་ཞུགས་ཀྱི་སྒུལ་ཤུགས་གསར་པ》ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད། རྩོམ་ཡིག་དེའི་ནང་ད་ཆ་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་ཁྲོད་ཀྱི་ལས་ཞུགས་མི་གྲངས་དུང་ཕྱུར་1ལས་བརྒལ་ཡོད་ཅེས་འཁོད་ཡོད།

ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱིས། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་ལས་ཐོན་པའི་སྒུལ་ཤུགས་ཆེན་པོ་དེ་སླད་ཕྱིན་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་གྱི་གྲས་ཤིག་ཏུ་འགྱུར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཕྱི་ཕྱོགས་ཚོང་དོན་དང་མ་འཇོག་ཧྲུའུ་ཡི་སྤྱི་ཁྱབ་ཅིང་ལི་ཡུར་ཀེན་·ཧྥེ་ལི་ཏེ་ལི་ཤིས་ཀྱིས། ཀྲུང་གོས་སླད་ཕྱིན་གྲངས་འཛིན་ཅན་ལ་བརྟེན་ནས་ཚན་རྩལ་མཐོ་བའི་ཐོན་ལས་གཞན་སྒྱུར་དང་འཕེལ་རྒྱས་བཏང་སྟེ། དེ་བས་རྒྱུན་མཐུད་རང་བཞིན་དང་དེ་བས་རིན་ཐང་ཆེ་བའི་དཔལ་འབྱོར་འཕར་བ་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)