《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས།

འབྲུབ་འགོག་དང་ཆུ་ལོག་གི་ས་གཤིས་གནོད་འཚེ་འགོག་པའི་ལས་དོན་བཀོད་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། དེང་སྐབས་རང་རྒྱལ་དུ་ཕྱོགས་ཡོངས་ནས་འབྲུབ་དུས་འཆར་བ་དང་འབྲི་ཆུའི་འབབ་རྒྱུད་དུ་གཞི་ཁྱོན་ཆེ་བའི་ཆར་པ་ཆེན་པོ་བབས་ནས་གཙང་པོ་དང་མཚེའུ་ཡི་ཆུ་ཁ་མགྱོགས་མྱུར་རྒྱས་པ་དང་། ཆུ་བོ་ཁ་ཤས་སུ་ཉེན་ཟོན་ལས་བརྒལ་བའི་ཆུ་ལོག་ཆེན་པོ་ཐོན་པ་དང་ཆུ་ཕྲན་ཁ་ཤས་སུ་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆུ་ལོག་ཐོན་པ་མ་ཟད། ས་ཁུལ་ཆ་ཤས་སུ་ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེ་ཡང་ཚབས་ཆེན་ཕོག་སྟེ་འབྲུབ་འགོག་ཆུ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་པ་རེད།

གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ས་ཁུལ་ཆ་ཤས་སུ་ཆར་བ་ཆེན་པོ་བབས་པའི་རྐྱེན་གྱིས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་ཅུང་ཆེ་བའི་གནས་ཚུལ་ལ་དམིགས་ནས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་གཞུང་དོན་ཁང་གིས་ཉེ་ཆར་ས་ཆ་ཁག་གི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ལ་བརྡ་ཐོ་བཏང་ནས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་གཙོ་བོར་བྱས་པའི་འབྲུབ་འགོག་ཐན་འགོག་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། འབྲུབ་འགོག་ལས་གྲྭ་གཙོ་བོ་དང་། ཆུ་ལོག་གི་གནོད་འཚེའི་ཉེན་ཁའི་ཁུལ་དང་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཐོན་ཁུལ་གྲལ་བཤེར་གཏིང་ཟབ་བྱས་ནས་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།