《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་གྱི་ལམ་བུ་གསར་པ་བཏོད་པ།

དགུ་བཅུ་ནང་སྐྱེས་ཀྱི་ཏུའུ་ཞའོ་པིང་གིས་ཤིང་ཏོག་ལྡུམ་རའི་ནང་ལག་པར་ཀུ་ཤུ་ཞིག་འཁྱེར་ཏེ། ཤིང་ཏོག་འཐུ་བ་དང་། དོས་སྒམ་ནང་བླུགས་པ། དངོས་ཟོག་བསྐུར་བ། དེ་བཞིན་ཀྲོང་ལང་རྫོང་གི་ཡུལ་སྲོལ་གོམས་འདྲིས་སོགས་ལག་ཐོག་ཁ་པར་ནས་ཐད་གཏོང་བྱས་ཏེ་ངོ་སྤྲོད་བྱེད་བཞིན་ཡོད། སྐབས་རེ་ལྟ་སྐོར་བར་ཆོབ་སློང་བ་དང་། སྐབས་རེ་ཤིང་འབྲས་འདེབས་མཁན་གྱི་ཞིང་པ་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཅིང་། ཆུ་ཚོད་3ཙམ་ཐད་གཏོང་བྱས་པ་བརྒྱུད་ཕྱོགས་བཞི་མཚམས་བརྒྱད་ནས་ཤིང་ཏོག་མངགས་ཉོ་བྱེད་མཁན་མང་པོ་བྱུང་ཡོད་པ་རེད།

“ད་ཆ་ཀུ་ཤུ་བྲིན་ཁ་རྒྱུག་པའི་དུས་ཚིགས་མིན། ལོ་ལྟར་གྱི་ཟླ་9པ་ནས་ཟླ་11བར་ནི་ཀུ་ཤུ་སྨིན་པའི་དུས་ཚིགས་ཡིན་པས་ངས་ཉིན་ལྟར་ཐད་གཏོང་བྱེད་ཀྱི་ཡོད། ཞོགས་པའི་ཆུ་ཚོད་9པ་ནས་དགོང་མོའི་ཆུ་ཚོད་8པ་བར་ཐད་གཏོང་བྱེད་དགོས་པས་ཁ་སྐམ་ནས་མིད་པ་ཡང་འཛེར་གྲབས་བྱེད་ཀྱི་འདུག”ཅེས་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་ཀྲོང་ལང་རྫོང་ནས་ཡིན་པའི་ཏུའུ་ཞའོ་པིང་གིས་བརྗོད། ཁོང་གིས་2017ལོ་ནས་བཟུང་དྲ་ཐོག་ཚོང་དོན་ལ་གཞོལ་བ་དང་2018ལོར་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ཟོག་དྲ་ཐོག་ནས་ཐད་གཏོང་བྱེད་མཁན་གྲགས་ཅན་མི་སྣ་ཞིག་ཏུ་གྱུར་པ་རེད།

ཀྲོང་ལང་རྫོང་དུ་ཏུའུ་ཞའོ་པིང་དང་འདྲ་བའི་དྲ་ཐོག་ཐད་གཏོང་བརྒྱུད་ཕ་ཡུལ་གྱི་ཁྱད་ལྡན་ཐོན་ཟོག་ཕྱིར་ཚོང་བྱེད་མཁན་མང་པོ་ཡོད་ཅིང་། ཀྲོང་ལང་རྫོང་ཡོངས་སུ་དྲ་ཐོག་ཚོང་དོན་གཉེར་མཁན་ཁེ་ལས་51དང་། དྲ་ཐོག་ཚོང་ཁང་སྣ་ཚོགས་692 ལག་ཐོགས་ཁ་པར་གྱི་སྐད་འཕྲིན་ཚོང་ཁང་དང་། འཁྱུག་ལག འཁྱུག་དབྱིངས་སོགས་དྲ་ཐོག་ཚོང་ཁང་810ལྷག་ཙམ་ཡོད་པ་མ་ཟད། ད་དུང་རྫོང་གྲོང་དུ་དྲ་ཐོག་ཚོང་དོན་གྱི་ཐོན་ལས་གླིང་ཞིག་ཀྱང་བཙུགས་ཡོད། 2019ལོར་ཞིང་པའི་དྲ་ཐོག་ཚོང་ཁང་བརྒྱུད་རྫོང་ཡོངས་ཀྱི་དབུལ་སྐྱོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1640.3ཟིན་ཡོད།

བར་ཐག་སྤྱི་ལེ་1000ལྷག་ཙམ་ཆོད་པའི་ཐེན་ཅིན་གྱིས་ཀྱང་ཀྲོང་ལང་རྫོང་ལ་དྲ་ཐོག་ཚོང་དོན་གཉེར་རོགས་ཤུགས་ཆེན་བྱས་ཤིང་། 2017ལོར་ཐེན་ཅིན་གྲོང་ཁྱེར་ཧོ་ཤིས་ཆུས་ཀྱིས་ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་ཁུང་ཐུང་ཆུས་དང་། ཀྲོང་ལང་རྫོང་། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཅེ་ནེ་རྫོང་བཅས་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི“ཆ་སྒྲིག”བྱས་ཡོད། འདི་ལོའི་ཟླ་བ་དྲུག་པའི་ཟླ་སྟོད་དུ་ཐེན་ཅིན་ཧོ་ཤིས་ཆུས་ཀྱིས་ས་ཁུལ་གསུམ་ལ་གཞིགས་ནས“ཐད་གཏོང་ཤེས་ལྡན་མི་སྣ་དམིགས་འཛུགས་གསོ་སྐྱོང་འཆར་གཞི”ལག་ལེན་བསྟར་ཞིང་། “རྩལ་ནུས་དབུལ་སྐྱོར+མཛད་སྤྱོད་དབུལ་སྐྱོར+ཐོན་ལས་དབུལ་སྐྱོར”བཅས་ཀྱི་བྱ་ཐབས་གསར་པ་བརྒྱུད་ས་གནས་དེ་གའི་དྲ་ཐོག་ཚོང་དོན་གྱི་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ཡོད།

འདི་ལོ་ལོ་27ལ་སླེབས་པའི་བོད་རིགས་གཞོན་ནུ་མ་ཚེ་རིང་ལྷ་མོས་སློབ་ཆེན་ཐོན་རྗེས་རང་ཉིད་ཀྱི་སྤུས་རྟགས་གསར་གཏོད་བྱས་ཏེ། བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་སོགས་ཚོང་གཉེར་བྱེད་ཀྱི་ཡོད། འདི་ལོ་ཐད་གཏོང་བྱས་མ་ཐག་ཡིན་པའི་ཁོ་མོས་ཀྱང་འཕྲལ་མ་ཉིད་དུ“ཐད་གཏོང་ཤེས་ལྡན་མི་སྣའི་དམིགས་འཛུགས་གསོ་སྐྱོང་འཆར་གཞིར”ཞུགས་པའི་མིང་ཐོ་བཀོད་ཡོད།

ཚེ་རིང་ལྷ་མོས་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་བོད་ཆས་གྱོན་ཏེ་ཐད་གཏོང་བྱེད་སྐབས་གླུ་ལེན་གར་འཁྲབ་བྱེད་པ་དང་ཆབས་ཅིག ཚོང་ཟོག་མངགས་ཉོ་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ཁོ་མོས“དང་ཐོག་ཉིན་གཅིག་ལ་མངགས་ཐོ་བརྒྱ་ཙམ་ལས་འབྱོར་གྱི་མི་འདུག ད་ཆ་ཉིན་རེར་མང་ཤོས་ལ་མངགས་ཐོ་3000ལྷག་ཙམ་ཟིན་གྱི་འདུག ཐད་གཏོང་བརྒྱུད་ཚོང་ཟོག་འཚོང་བ་མ་ཟད། གཙོ་བོ་ང་ཚོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་བརྒྱུད་བསྒྲགས་བྱེད་ཐུབ་ཀྱི་འདུག”ཅེས་བརྗོད།

ཉེ་བའི་ལོའི་རིང་། ཐེན་ཅིན་གྱིས“གཞན་བརྟེན་རྣམ་པའི”དབུལ་སྐྱོར་ནས“རང་བརྟེན་རྣམ་པའི”དབུལ་སྐྱོར་ལ་ཧུར་ཐག་བསྒྱུར་ཞིང་། ཐེན་ཅིན་གྲོང་ཁྱེར་མཉམ་ལས་སྤེལ་རེས་གཞུང་ལས་ཁང་གི་འབྲེལ་ཡོད་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ཟླ་5པ་བར་ཐེན་ཅིན་གྱིས་ཆ་སྒྲིག་རོགས་སྐྱོར་བྱས་པའི་རྫོང་དབུལ་པོ་50ཡི་ནང་ནས་47དབུལ་སྒྲོལ་བྱུང་བ་དང་། གྲོང་ཚོ་དབུལ་པོ་3904ཡི་ནང་ནས་3787དབུལ་སྒྲོལ་བྱུང་བ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་335.65ནས་ཁྲི་7.95བར་ཉུང་དུ་ཕྱིན་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)