《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

བོད་ཀྱིས་རིག་གནས་བསམ་བཀོད་ཀྱི་བོད་ལྗོངས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་ཀྱི་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་རིག་གནས་ཐོན་ལས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དང་རིག་གནས་བསམ་བཀོད་ཐོན་རྫས(རྣམ་གྲངས)གསར་པ་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་དམིགས་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། རང་ལྗོངས་ཀྱི་རིག་གནས་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་གཙོ་གནད་IP—“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཙོ་གནད་ཐོག་བཏོད་ཡོད།

“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”སྤུས་རྟགས་ཀྱི་སྣོད་བཅུད་རྨང་གཞི་བཏིང་ཞིང་། རིག་གནས་བསམ་བཀོད་ཀྱི་བོད་ཀྱི་པར་དབང་ཉོ་ཚོང་གི་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་ནས། གོ་ལ་ཧྲིལ་པོར་ཕྱོགས་ཏེ་རིག་གནས་བསམ་བཀོད་ཀྱི་བོད་ལྗོངས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་མཚོན་རྟགས་དང་བོད་ཀྱི་ཁྱད་ལྡན་རིག་གནས་སྐྱོང་གསོའི་རིག་གནས་བསམ་བཀོད་ཐོན་རྫས་འཚོལ་བསྡུ་བྱས་ཡོད། 《“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཀྱི་མཐོང་ཚོར་དོ་དམ་ལག་དེབ》སྒྲིག་བཟོ་བྱས་ནས་རིགས་ཆེན་པོ་16ལྷག་ཙམ་གྱི་རིག་གནས་བསམ་བཀོད་བོད་ལྗོངས་ཀྱི་དྲིལ་བསྒྲགས་མཁོ་ཆས་ཁྲི་2བཟོས་ཡོད། 2019ལོར་ཁག་དང་པོའི“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཀྱི་སྤུས་རྟགས་བདེན་དཔང་ར་སྤྲོད་ཐོན་རྫས་བསྡུ་རུབ་དང་། དཔྱད་འདེམས། བདེན་དཔང་ར་སྤྲོད་བཅས་ཀྱི་ལས་དོན་དངོས་སུ་སྤེལ་བ་དང་། ཐོན་རྫས་3047གྱི་ཁྲོད་རིགས་ཆེན་པོ་8ཀྱི་རིག་གནས་བསམ་བཀོད་ཐོན་རྫས་300བདེ་དཔང་ར་སྤྲོད་བྱས་པ་དང་། ཐོན་རྫས་ཀྱི་སྣ་ཁ་ཕུན་སུམ་ཚོགས་པོ་ཡོད་པས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་དེང་རབས་ཐོན་ལས་དཔེ་དབྱིབས་ཟུང་འབྲེལ་བྱ་རྒྱུར་ལམ་བུ་གསར་པ་དེ་བས་མང་བ་འཚོལ་ཞིབ་བྱས་ཡོད།

བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཚོང་དོན་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྐར་ཁུང་ཧྲང་ཧའེ(གཉིས)དང་། ཧྲེན་ཀྲེན། ནན་ཅིང་། ཁྲང་ཧྲ་བཅས་ཀྱི་རྟེན་གཞི་5གཉེར་སྐྱོང་ཡག་པོ་བྱུང་བ་དང་། ཁུན་མིང་སྐར་ཁུང་ལ་མཆན་བཀོད་བཀའ་ལན་ཐོབ་ནས་དངོས་སུ་བཙུགས་ཡོད། 2019ལོར་ནེ་པ་ལར་བསྐྱོད་དེ“ཀྲུང་གོའི་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྐར་ཁུང་·ནེ་པ་ལ”སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ནས་རང་ལྗོངས་ཀྱི་ཕྱི་རྒྱལ་གྱི་ཁྱད་ལྡན་རིག་གནས་ཐོན་ལས་གཏོད་མཁན་ཐོག་མ་དེ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། བོད་ལྗོངས་ཇོ་མོ་གླང་མ་ཐོན་ཁུངས་ཚད་ཡོད་ཀུང་སིས་ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེར“ཀྲུང་གོའི་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྐར་ཁུང་·ཐ་ཇིག་སི་ཐན”བསྐྲུན་རྒྱུར་མཆན་བཀོད་བཀའ་ལན་ཐོབ་པ་རེད། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྐར་ཁུང་ཧན་གོའི་ཀོང་ཀྲོའུ་དང་། ཧོ་ལན་གྱི་ཨམ་སི་ཐེ་ཏམ། དེ་བཞིན་ཞ་མོན་བཅས་སུ་འཛུགས་སྐྲུན་བྱེད་པའི་དུས་འགོའི་གྲ་སྒྲིག་ལས་དོན་ལེགས་སྒྲུབ་བྱས་པ་རེད། དེ་དང་ཆབས་ཅིག “ཀྲུང་གོའི་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྐར་ཁུང་·མཁའ་སྐྱོད་སྐྱིད་ཉམས”ཞེས་པའི་བར་སྣང་ལས་སྟེགས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ནོར་བུའི་རིག་གནས་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་གཞུང་ཕྱོགས་དྲ་བ་དང་། སྐད་འཕྲིན་སྤྱི་རྟགས། མཉེན་ཆས་ཆུང་གྲས་ཀྱི་པར་གཞི་རིམ་སྤོར་བཅས་ཀྱི་ལས་དོན་ལེགས་སྒྲུབ་ཟིན་པ་དང་འབྲེལ་དྲ་ཐོག་ཏུ་བཏོན་རྩིས་ཡོད་པ་རེད། བོད་ཀྱི་སྣེ་གསུམ་པའི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས“རིག་གནས་བསམ་བཀོད་ཀྱི་བོད་ལྗོངས”ཞེས་པའི་སྨྱན་སྦྱོར་གསར་པའི་ཚོང་གཉེར་ལས་སྟེགས་བསྐྲུན་རྒྱུར་མཆན་བཀོད་བཀའ་ལན་ཐོབ་པ་རེད།