《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

རྒྱལ་ཡོངས་ལྕགས་ལམ་གྱིས་ཟླ་7ཚེས་1ཉིན་ནས་བཟུང་ལམ་ཐིག་གསར་པ་ལག་ལེན་བསྟར་རྒྱུ་ཡིན་པ།

ལྕགས་ལམ་ལམ་ཐིག་གསར་པ་མང་པོ་རིམ་བཞིན་ཤར་གཏོང་ཐུབ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་1ཉིན་གྱི་ཐོ་རེངས་ཆུ་ཚོད་12ནས་བཟུང་། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་དུས་ཚིགས་གསུམ་པའི་མེ་འཁོར་འཁོར་སྐྱོད་དཔེ་རིས་ལག་ལེན་བསྟར་རྒྱུ་དང་། ལམ་ཐིག་གསར་པ་མང་པོ་རིམ་བཞིན་ཤར་གཏོང་ཐུབ་རྒྱུ་རེད།

རྒྱལ་ཁབ་ལྕགས་ལམ་ཚོགས་པའི་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། ཟླ་7ཚེས་1ཉིན་གྱི་སྔ་རྗེས་སུ་ལམ་ཐིག་གསར་པ་མང་པོ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་ལམ་དྲའི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད། ཧོ་ཧང་མྱུར་བགྲོད་ལྕགས་ལམ་ཧོ་ཧྥེ་ནས་ཧུའུ་ཀྲོའུ་བར་གྱི་ལམ་དུམ་ཤར་གཏོང་ཐུབ་རྗེས། ཉིན་རེར་ཕར་འགྲོ་ཚུར་འོང་བྱེད་མཁན་ཤུགས་འགྲེམས་མེ་འཁོར་ཆ་60.5བཀོད་སྒྲིག་བྱེད་རྒྱུ་ཡིན་པས། དབུས་ཤར་ས་ཁུལ་གྱི་འགྲུལ་པ་ཕྱིར་སྐྱོད་དེ་བས་སྟབས་བདེ་ཡོང་རྒྱུ་དང་། ནན་ཐུང་ནས་ཧྲང་ཧའེ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ཉིན་རེར་ཕར་འགྲོ་ཚུར་འོང་བྱེད་མཁན་ཤུགས་འགྲེམས་མེ་འཁོར་ཆ་46དང་། ཟོག་འདྲེན་མེ་འཁོར་ཆ་6བཀོད་སྒྲིག་བྱས་ནས་མེ་འཁོར་གཙང་པོ་བསྒྲལ་ནས་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ཏེ་ཧྲང་ཧའེ་དང་ཅང་སུའུ་བྱང་རྒྱུད་ས་ཁུལ་གྱི་འབྲེལ་བ་དེ་བས་དམ་དུ་འགྲོ་རྒྱུ་རེད། ཁ་ཙུའོ་ནས་ཁྲེ་ཧྥོང་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཉིན་རེར་ཕར་འགྲོ་ཚུར་འོང་བྱེད་མཁན་ཤུགས་འགྲེམས་མེ་འཁོར་ཆ་8གཏོང་རྒྱུ་བཀོད་སྒྲིག་བྱེད་རྒྱུ་དང་། ནང་སོག་གི་ཁྲེ་ཧྥོང་ས་ཁུལ་བརྒྱུད་པའི་ཅིང་ཧྲེན་མྱུར་བགྲོད་ལྕགས་ལམ་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བར་འཇུག་རྒྱུ་རེད། ཨན་ཧྲུན་ནས་ལིའུ་ཧྥན་ཧྲུའེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ཉིན་རེར་ཕར་འགྲོ་ཚུར་འོང་བྱེད་མཁན་ཤུགས་འགྲེམས་མེ་འཁོར་ཆ་10གཏོང་རྒྱུ་བཀོད་སྒྲིག་བྱེད་རྒྱུ་དང་། ཀུའེ་ཀྲོའུ་ལིའུ་ཧྥན་ཧྲུའེ་ས་ཁུལ་བརྒྱུད་པའི་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བར་འཇུག་རྒྱུ་རེད། གོར་ཁུ་ལྕགས་ལམ་མཚོ་སྔོན་དུམ་བུ་ཤར་གཏོང་ཐུབ་རྗེས། ཉིན་རེར་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་སྐྱེལ་མེ་འཁོར་ཆ་1དང་། ཟོག་འདྲེན་མེ་འཁོར་ཆ་2བཀོད་སྒྲིག་བྱས་ནས་ནུབ་བྱང་ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་ཆེད་འདེགས་སྐྱོར་བྱེད་རྒྱུ་རེད།(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)