《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

ཞི་ཅིན་ཕིང་སྟངས་དཔྱལ་དང་ཧོ་ལན་གྱི་རྒྱལ་པོ་ཝེ་ལན་—ཡ་ལི་ཧྲན་ཏ་སྟངས་དཔྱལ་གྱིས་ཧོ་ལན་དུ་ཡོད་པའི་ཀྲུང་གོའི་དོམ་ཁྲར་དོམ་ཕྲུག་བཙས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་5པར། ཧོ་ལན་དུ་ཡོད་པའི་ཀྲུང་གོའི་དོམ་ཁྲ་ཝུའུ་ཝུན་ལ་དོམ་ཕྲུག་བཙས་ཤིང་། ཉེ་དུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་དང་ཧོ་ལན་གྱི་རྒྱལ་པོ་ཝེ་ལན་—ཡ་ལི་ཧྲན་ཏ་དང་བཙུན་མོ་མ་ཁེ་ཞི་མ་རྣམ་པས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རེས་གནང་བ་རེད།

ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱི་རྟེན་འབྲེལ་འཕྲིན་ཡིག་ནང་། དོམ་ཁྲར་དོམ་ཕྲུག་བཙས་པ་དེ་ནི་ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་མཛེས་སྡུག་ལྡན་པའི་འབྲས་བཟང་ཞིག་ཡིན་པ་མ་ཟད། ཕྱོགས་གཉིས་པོས་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་མཉམ་ལས་ལ་འབད་བརྩོན་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། རྟེན་འབྲེལ་ཞུ་འོས་པ་ཞིག་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་མི་དམངས་ཀྱིས་ཕན་ཚུན་རོགས་སྐྱོར་བྱས་ཏེ། ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་ཀྱི་མཛའ་གྲོགས་གཏམ་བཟང་ཁྱབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཧོ་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། འགྲན་རྩོད་གོ་སྐབས་སུ་འགྱུར་བ་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཕྱོགས་གཉིས་པོའི་འགྲོ་འོང་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཝེ་ལན་—ཡ་ལི་ཧྲན་ཏ་དང་མ་ཁེ་ཞི་མ་ཡི་རྟེན་འབྲེལ་འཕྲིན་ཡིག་ནང་། དོམ་ཁྲར་དོམ་ཕྲུག་བཙས་པས་ང་ཚོར་དགའ་སྤྲོ་དཔག་མེད་བྱུང་། ཚེ་སྲོག་གསར་པ་ནི་ཧོ་ཀྲུང་འབྲེལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་པའི་མཚོན་རྟགས་ཤིག་རེད་ལ། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་རེད། ཧོ་ལན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ཚེ། གཞི་ནས་ད་ཐེངས་ཀྱི་གོ་ལ་ཧྲིལ་པོའི་ཉམས་ཉེན་ལས་རྣམ་པར་རྒྱལ་ཐུབ། ཧོ་ཀྲུང་འབྲེལ་བའི་རྨང་གཞི་བརྟན་པོ་ཡོད། ཧོ་ལན་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་སྟེ། ཕྱོགས་གཉིས་པོའི་རྒྱུན་གཏན་འགྲོ་འོང་སྔ་ཙམ་སླར་གསོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། (པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)