《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月24日

བོད་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོངས་ཁྱབ་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། བོད་ཀྱིས་གྲོང་ཚོ་རིམ་པའི་སྤྱི་པའི་རིག་གནས་ཐོན་ཁུངས་མཁོ་སྤྲོད་སྔར་བས་ཆེ་རུ་བཏང་ཞིང་། འདི་ལོའི་ཟླ་6པའི་བར་སྲིད་འཛིན་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོངས་ཁྱབ་ཐུབ་ཡོད།

གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྨེ་རུ་སྡེ་ཁུལ་ནས་མཐོང་བ་ལྟར་ན། སྡེ་ཁུལ་གྱི་མང་ཚོགས་20ལས་གྲུབ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རྒྱུན་གཏན་གྱི་ནང་སྦྱོང་བྱེད་བཞིན་ཡོད་པ་དང་། 《གངས་ལྗོངས་ཀྱི་ཕུགས་འདུན》དང《བོད་ཀྱི་བུད་མེད་ཚོའི་བསྟོད་གླུ》 《སྒོར་གཞས》སོགས་འཁྲབ་སྟོན་ལེ་ཚན་ཡང་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་རེད།

རིག་རྩལ་འཁྲབ་སྟོན་རུ་ཁག་གི་རུ་མི་བསོད་ནམས་ཆོས་སྒྲོན་གྱིས“ལེ་ཚན་དེ་དག་ཚང་མ་ནི་ང་ཚོས་སྒྲིག་བཟོ་བྱས་པ་ཤ་སྟག་ཡིན། རྐྱང་གཞས་ལེན་ཐོག་ཞབས་བྲོ་འཁྲབ་པར་ས་ཆ་གང་དུ་སླེབས་ཀྱང་འཁྲབ་སྟོན་བྱེད་ཆོག་གི་འདུག ‘ལྔ་གཅིག’རིང་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་མི་ཚོགས་ཀྱིས་ཁེངས་ཡོད་པ་དང་ཚོགས་འདུ་གྲོལ་རྗེས་ད་དུང་འཁྲབ་སྟོན་ཡང་ལྟ་རྒྱུ་ཡོད་པས་ཚང་མས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག”ཅེས་བརྗོད།

བོད་རང་སྐྱོང་ལྗོངས་རིག་གནས་ཐིང་སྤྱི་པའི་རིག་གནས་ཁྲུའི་ཁྲུའུ་ཀྲང་མིག་དམར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོངས་རྫོགས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད། 2020ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་སྲིད་འཛིན་གྲོང་ཚོ་ཚང་མའི་རིག་རྩལ་འཁྲབ་སྟོན་རུ་ཁག་མི་རེ་ངོ་རེར་ཁ་གསབ་དངུལ་སྒོར་ཁྲི་5སྤྲད་པ་མ་ཟད། ལོ་ལྟར་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ཉུང་མཐར་ཡང་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་ཐེངས་8སྒྲིག་འཛུགས་བྱ་རྒྱུའི་འགན་ལེན་བྱས་ཏེ། གཞི་རིམ་དང་ལྷག་པར་དུ་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོའི་རིག་གནས་རོལ་རྩེད་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་རེད།

མིག་དམར་གྱིས“མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་གྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱེད་པའི་བྱེད་ཐབས་དེས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་རིག་གནས་ཀྱི‘བློ་སྐྱོར’དང‘རིག་སྐྱོར’གྱི་ནུས་པ་དེ་བས་གང་ལེགས་བཏོན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུའི་འགན་ལེན་བྱས་ཡོད”ཅེས་བརྗོད།

མིག་སྔར་བོད་དུ་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་སྒྲིག་ཆས་ཀྱི་དྲ་བ་གཞི་རྩའི་ཆ་ནས་བཙུགས་ཏེ་ས་གནས་དང་གྲོང་ཁྱེར་ཁག་ཏུ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྟེན་རྫས་བཤམས་མཛོད་ཁང་བཅས་ཡོད་པ་དང་། རྫོང་ཁག་ཏུ་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་ཡོད་ལ། ཤང་ཁག་ཏུ་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱང་ཡོད་པ་རེད།