《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月14日

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། རྣམ་གྲངས་ཀྱི་འགྲེམས་ཁང་གསར་པའི་གྲུབ་ཆ་གཙོ་བོའི་ཐོག་བཀབ་རྗེས། འདི་ལོའི་ཟླ་2པའི་ཟླ་མཇུག་ཏུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་གཅིག་མཇུག་གཉིས་མཐུད་ངང་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཆ་ཚང་འཛུགས་སྐྲུན་ཟླ་6པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་དང་། སྔོན་དཔག་ལྟར་ན། བསྐྱར་སྐྲུན་རྒྱས་སྐྲུན་རྗེས་ཀྱི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་2021ལོར་ཕྱི་ཕྱོགས་སུ་སྒོ་དབྱེ་རྒྱུ་རེད།

ཨར་ལས་ཚན་པ་ཀྲུང་གོ་ཨར་སྐྲུན་ཅུས་དང་པོའི་འབྲེལ་ཡོད་འགན་འཁུར་མི་སྣས། རྣམ་གྲངས་དེའི་ཆེད་ལས་རང་བཞིན་ཆེ་བ་དང་། ལག་རྩལ་འདུས་ཚད་མཐོ་བ། བོད་བཟོའི་འཛུགས་སྐྲུན་བཟོ་རྩལ་གྱི་གཞི་རྒྱུ་ཅུང་མང་བས། བོད་བཟོའི་བཟོ་བཀོད་ཀྱི་རྣམ་པ་མངོན་རྒྱུ་དང་། གནས་ཡུལ་འཆར་འགོད། ཡོམས་འགོག་སོགས་ཀྱི་ལས་དོན་དཀའ་ངལ་ཆེ་ཙམ་ཡོད། “དེང་རབས་ཀྱི་ཨར་ལས་རྒྱུ་ཆར་བརྟེན་ནས་བོད་ཀྱི་གདོད་མའི་རྣམ་པ་ཡག་པོ་མངོན་པ་བྱེད་རྒྱུ་ནི་རྣམ་གྲངས་དེའི་གཙོ་གནད་དང་དཀའ་གནད་ཀྱི་གྲས་ཤིག་རེད། ང་ཚོས་བོད་བཟོའི་མཛེས་རྒྱན་སྤྲོས་སྐབས་རྒྱུ་ཆ་དང་། ཚོས་མདོག བཟོ་ལྟ་བཅས་ལ་ཞིབ་འཇུག་བྱས་ནས་དེང་རབས་རྒྱུ་ཆས་ཚབ་བྱེད་ཐུབ་བྱུང་། དེ་དང་ཆབས་ཅིག བོད་རིག་པའི་རིགས་གཅིག་མཁས་ཅན་དང་སྲོལ་རྒྱུན་ཨར་ལས་ལག་ཤེས་པར་བཀའ་འདྲི་ཧུར་ཐག་ཞུས་ནས་བོད་བཟོའི་ཨར་ལས་ཀྱི་ཚོམས་ཆེན་དང་། ཚོན་རིས། བོད་བཟོའི་རྒྱལ་སྒོ་སོགས་ཀྱི་ཐད་མཉམ་དུ་ཞིབ་འཇུག་བྱས་ཏེ་བོད་བཟོའི་ཨར་ལས་བཟོ་རྩལ་གྱི་གཙོ་གནད་ལ་དཔྱད་བསྡུར་བྱས་པ་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)