《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月12日

ཕྱི་འབྲེལ་པུས།

ཕྱོགས་ཡོངས་ཀྱི་གྲོས་མཐུན་སྲུང་སྐྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ཐབས་ལམ་འབའ་ཞིག་དེ་རེད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཕྱོགས་ཡོངས་ཀྱི་གྲོས་མཐུན་སྲུང་སྐྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ཐབས་ལམ་འབའ་ཞིག་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་དམ་ཟབ་བྱས་ཏེ་དབྱི་རན་གྱི་ཉིང་རྡུལ་གནད་དོན་དེ་ཆབ་སྲིད་དང་ཕྱི་འབྲེལ་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་5ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་སྙན་ཞུ་ཁག་གཉིས་ཁྱབ་བསྒྲགས་བྱས་འདུག སྙན་ཞུ་གཅིག་ནི་དབྱི་རན་གྱིས་དབྱི་རན་གྱི་ཉིང་རྡུལ་གྱི་ཕྱོགས་ཡོངས་གྲོས་མཐུན་གྱི་འོས་འགན་སྒྲུབ་ཚུལ་སྐོར་གྱི་དུས་ཚིགས་ཀྱི་སྙན་ཞུ་ཡིན་ཞིང་། དེའི་ནང་དབྱི་རན་གྱིས་ཕྱོགས་ཡོངས་ཀྱི་གྲོས་མཐུན་གྱི་གནད་འགག་ཆེ་བའི་ཉིང་རྡུལ་ཁྱབ་ཁོངས་ཀྱི་ཚད་བཀག་ལས་མུ་མཐུད་འགལ་བ་བཏོན་འདུག སྙན་ཞུ་གཞན་ཞིག་ནི་དབྱི་རན་གྱིས་ལྟ་སྐུལ་འགན་ལེན་གྱི་འོས་འགན་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་ཡིན་ཞིང་། དེའི་ནང་སྒྲིག་གཞིར་ས་གནས་ཁག་གཉིས་ལ་ཞིབ་དཔྱད་བྱེད་ཆོག་མིན་ཐད་དབྱི་རན་གྱིས་སྔར་བཞིན་མོས་མཐུན་བྱས་མེད་པ་བཏོན་འདུག ཟླ་6ཚེས་15ཉིན་ནས་བཟུང་འཚོགས་པའི་སྒྲིག་གཞིའི་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་གནད་དོན་ལ་གྲོས་ཞིབ་བྱ་རྒྱུ་རེད་འདུག་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

ཧྭ་ཁྲུན་ཡིང་གིས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ཁྱབ་བསྒྲགས་བྱས་པའི་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་གྱི་སྙན་ཞུ་གསར་ཤོས་ལ་ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་། སྙན་ཞུའི་ནང་དབྱི་རན་གྱིས་ཕྱོགས་ཡོངས་ཀྱི་གྲོས་མཐུན་མུ་མཐུད་ལག་བསྟར་བྱས་ནས་སྒྲིག་གཞིའི་ལྟ་སྐུལ་ཞིབ་དཔྱད་དང་ལེན་བྱེད་པ་དང་། དུས་མཚམས་ལྔ་པའི་ཁ་ཆད་ཉུང་གཏོང་གི་བྱ་ཐབས་ད་བར་སྤྱད་མེད་པ་མ་ཟད། ད་དུང་ཁྱབ་བསྒྲགས་བྱས་མེད་པའི་ཉིང་རྡུལ་རྒྱུ་ཆ་དག་དམིགས་ཡུལ་གཞན་དག་ལ་སྤྱད་པ་གཏན་འཁེལ་བྱས་ཡོད། སྙན་ཞུའི་ནང་ད་དུང་དབྱི་རན་གྱིས་ལྟ་སྐུལ་འགན་ལེན་གྱི་འོས་འགན་སྒྲུབ་པའི་གནད་དོན་ཐད་སྒྲིག་གཞི་དང་མུ་མཐུད་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུར་ཤུས་སྣོན་རྒྱག་འདོད་ཡོད་པ་མངོན་ཡོད་ཅེས་བརྗོད་པ་རེད།

ཧྭ་ཁྲུན་ཡིང་གིས། “ཨ་རིས་ཕྱོགས་རྐྱང་པའི་ཐོག་ནས་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལས་དོན་པ་དང་འབྲེལ། དབྱི་རན་ལ་གནོན་ཤུགས་དྲག་པོ་སྤྲད་པ་དེ་ནི་མིག་སྔའི་དབྱི་རན་གྱི་ཉིང་རྡུལ་ཉམས་ཉེན་གྱི་འབྱུང་རྩ་དེ་རེད། ཕྱོགས་ཡོངས་ཀྱི་གྲོས་མཐུན་སྲུང་སྐྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ཐབས་ལམ་འབའ་ཞིག་དེ་རེད”ཨ་རི་ཕྱོགས་ཀྱིས་ནོར་འཁྲུལ་གྱི་བྱ་ཐབས་འདོར་ནས་ཕྱོགས་གཞན་དག་ལ་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་བསྟར་བྱ་རྒྱུར་འགོག་རྐྱེན་བཟོ་རྒྱུ་མེད་པར་ཕྱི་འབྲེལ་ཐད་བར་མཐོངས་འཇོག་གང་ཐུབ་བྱེད་དགོས། དབྱི་རན་ཕྱོགས་ཀྱིས་སྒྲིག་གཞི་དང་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དེ་སྔོན་གྱི་ཐུན་མོང་ངོས་འཛིན་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ལྟ་སྐུལ་འགན་ལེན་གྱི་གནད་དོན་ཐད་འོས་འཚམ་གྱི་ཐག་གཅོད་བྱ་ཐབས་འཚོལ་ཞིབ་བྱ་རྒྱུ་ཡིན། “གཞན་ཡང་། ཕྱོགས་ཁག་གིས་གོང་དུ་བརྗོད་པའི་ཕྱི་འབྲེལ་གྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱས་ནས་དུས་བབ་ཞི་ལྷོད་དུ་གཏོང་རྒྱུར་ཕན་པའི་ལས་ཀ་མང་ཙམ་བྱེད་དགོས་པ་ལས་འགལ་ཟླ་ཆེ་རུ་མི་གཏོང་རྒྱུའི་རེ་བ་ཡོད། སྒྲིག་གཞིས་དོན་དངོས་དང་གཞུང་དྲང་གི་ལངས་ཕྱོགས་བཟུང་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

ཧྭ་ཁྲུན་ཡིང་གིས། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་འགོ་འཛུགས་ས་ནི་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ཀྱི་གྲོས་མཐུན་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱ་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་ལས་དམ་ཟབ་བྱས་ཏེ་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཆབ་སྲིད་དང་ཕྱི་འབྲེལ་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།