《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月12日

རྒྱལ་ཁབ་མང་པོའི་མི་སྣས《ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཀྲུང་གོའི་བྱ་སྤྱོད》ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ལ་མུ་མཐུད་གདེང་འཇོག་ཡག་པོ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོས་ཡོངས་བསྒྲགས་བྱས་པའི《ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཀྲུང་གོའི་བྱ་སྤྱོད》ཅེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ལམ་བུ་དང་བྱ་ཐབས་ནུས་ལྡན་བཀོད་ནས་གོ་ལ་ཧྲིལ་པོས་རིམས་འགོག་བྱེད་པའི་ཀྲུང་གོའི་འདུ་ཤེས་དང་འདོད་ཚུལ་གསལ་འགྲེལ་བྱས་ཡོད། རྒྱལ་ཁབ་མང་པོའི་དཔོན་རིགས་དང་རིགས་གཅིག་མཁས་ཅན་གྱིས་དེའི་ཐད་མུ་མཐུད་གདེང་འཇོག་ཡག་པོ་བྱས་ཏེ་ཀྲུང་གོའི་ཉམས་མྱོང་རྒྱལ་ཁབ་གཞན་དག་གིས་དཔྱད་གཞིར་འཛིན་འོས་པའི་ངོས་འཛིན་བྱས་པ་མ་ཟད། ད་དུང་ཀྲུང་གོས་རིམས་འགོག་ཐད་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཚེས་8ཉིན་མར་ཏི་ཝེའི་ཕྱི་འབྲེལ་པུའུ་ཀྲང་ཧྲ་ཤིས་ཏེས་རྒྱབ་ཤ་དཀར་པོའི་དེབ་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཀྲུང་གོས་མགྱོགས་མྱུར་རིམས་ནད་ཚོད་འཛིན་བྱས་པ་དང་འབྲེལ། དུས་ཚོད་ཐུང་ངུའི་ནང་རིམས་འགོག་གི་འཐབ་ཇུས་གྲུབ་འབྲས་གལ་ཆེན་ཐོབ་པར་ངས་བསྔགས་བརྗོད་བྱེད་པ་དང་ཡི་རང་ཞུ་གི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོའི་རིམས་འགོག་ལས་དོན་ལ་གྲུབ་འབྲས་ཐོབ་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་འགོག་ཧུར་ཐག་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

ཀྲུང་གོར་བཅའ་སྡོད་ཆི་ལིའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཨན་ཏེ་ལི་སེ·པེ་ལི་སློབ་ཆེན་གྱི་ལ་ཏིང་མེ་གླིང་གི་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥེར་ནན་ཏོ·ལེ་ཡེ་སི·མ་ཐས། ད་ཐེངས་ཀྲུང་གོས་ཡོངས་བསྒྲགས་བྱས་པའི་རྒྱབ་ཤ་དཀར་པོའི་དེབ་དེ་ལ་ཏིང་མེ་གླིང་ས་ཁུལ་གྱི་ངོས་ནས་བརྗོད་ན་ཧ་ཅང་དུས་ལ་འཁེལ་བ་ཞིག་རེད། གང་ཡིན་ཟེར་ན། དེ་ཁུལ་དུ་རིམས་ནད་་ཤུགས་ཆེན་མཆེད་བཞིན་ཡོད་པས། ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་ཆོག་པ་ཞིག་ཡོད་ཅེས་བརྗོད་པ་རེད།

ཚེས་9ཉིན། སི་རི་ལན་ཁའི་ཀྲུང་གོ་མཐུན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཏེ་ཤིར་ཝས། རྒྱབ་ཤ་དཀར་པོའི་དེབ་ནང་རིམས་ནད་ལ་འགོག་རྒོལ་ཆེད་ཀྲུང་གོས་འབད་བརྩོན་ཧ་ཅང་ཆེན་པོ་བྱས་པ་མངོན་ཡོད། ཀྲུང་གོ་སྔོན་ལ་རིམས་ནད་ཁྲོད་ནས་སླར་གསོ་ཐུབ་རྗེས་རིམས་ནད་ཚབས་ཆེ་བའི་རྒྱལ་ཁབ་གཞན་དག་ལ་རོགས་རམ་བྱེད་འགོ་ཚུགས་ནས་རྒྱལ་ཁབ་གཞན་དག་ལ་སྨན་བཅོས་དངོས་ཟོག་འབོར་ཆེན་རོགས་སྐྱོར་བྱས་པ་མ་ཟད། ད་དུང་རིགས་གཅིག་མཁས་ཅན་མངགས་ནས་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱས་ཡོད། སི་རི་ལན་ཁར་ཡང་ཀྲུང་གོའི་སྲིད་གཞུང་དང་དམངས་ཁྲོད་ཀྱི་རོགས་སྐྱོར་མང་པོ་ཐོབ་ཡོད་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་པ་རེད།

ཨ་ཧྥུ་ཀ་ནི་སི་ཐན་གྱི་རིགས་གཅིག་མཁས་ཅན་དམག་སྤྱི་ཧྥ་ཤིས་མུའུ་རྒྱལ་སྲུང་སློབ་ཆེན་གྱི་དེ་སྔའི་དགེ་རྒན་ཆེ་མོ་བ་ཨ་པུའུ་ཏུའུ་ལེ·ཅ་ཧྥར·ཅའར་ཏེ་ཆིས། ཀྲུང་གོས་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་རྗེས། “ཀྲུང་གོ་སྲིད་གཞུང་གིས་བྱ་ཐབས་ནུས་ལྡན་སྤྱད་ནས་རིམས་ནད་དུས་ཐོག་ཏུ་ཚོད་འཛིན་ནུས་ལྡན་ཐུབ་པར་བག་ཆགས་ཟབ་མོ་བྱུང”ཞེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་པ་རེད།

ཨོ་སི་ཁྲུ་ལི་ཡའི་མོར་པུན་སློབ་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཞིབ་འཇུག་པ་ལི་ལིན་གྱིས། ལོ་མང་རིང་ངས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བས། རྒྱབ་ཤ་དཀར་པོའི་དེབ་ཀྱི་འགོ་ནས་མཇུག་བར་བརྗོད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་འདོད་འདུན་མཐོང་རྗེས་སེམས་ཤུགས་ཆེན་པོ་སྐྱེས་བྱུང་། འདི་ནི་རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པ་བཞིན། རིམས་ནད་ཀྱི་ཐོན་ཚུན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་སྤེལ་རེས་མཉམ་ལས་བྱེད་པ་དང་། མཐོ་རིམ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རིམས་ནད་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པ། ཚན་ཞིབ་མཉམ་ལས་བྱེད་པ་བཅས་བྱས་ཏེ་ནུས་པས་གཅོག་ཚོད་ཀྱིས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་གཞན་དག་ལ་རོགས་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་རྒོལ་ཆེད་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ཅེས་བརྗོད་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)