《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月08日

ལི་ཤིའི་མེ་ཏོག་རབ་ཏུ་བཞད། ཟི་ལིང་གྲོང་ཁྱེར་ཡོངས་སུ་བརྒྱན།

▶ སྲིད་གཞུང་གིས་སྒོར་ཁྲི་500ལྷག་ཙམ་བཏང་སྟེ། ཟི་ལིང་དུ་ལི་ཤིའི་སྣ་ཁ་2013ལོའི་18ནས་ད་ཆའི་ཐོན་ཁུངས་མཛོད་དུ་ཉར་བའི་103བར་མང་དུ་ཕྱིན་པ་ལས་གསོ་སྤེལ་ཐུབ་པའི་སྣ་ཁ་69ཟིན་པ་དང་། 2019ལོ་ཁོ་ནར། ཟི་ལིང་གི་ཁྲོམ་གཞུང་ཆེ་ཆུང་མང་པོར་ལི་ཤིའི་སྡོང་རྐང་ཁྲི་148བཙུགས་པས། ལི་ཤིའི་སྡོང་ཕྲུག་རྐང་ཁྲི་750ལས་བརྒལ་ནས། ཟི་ལིང་དེ་ཉིད་རྒྱལ་ནང་གི་ལི་ཤི་གསོ་སྤེལ་སྣ་ཁ་ཅུང་མང་བ་དང་འདེབས་འཛུགས་རྒྱ་ཁྱོན་ཅུང་ཆེ་བའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།

ཟླ་ལྔ་པའི་ས་མཐོའི་གནའ་གྲོང་ཟི་ལིང་དུ་གཡུ་ལོ་ཚང་ཚིང་འཁྲིགས་ཤིང་མེ་ཏོག་འདབ་བརྒྱ་ལྷུག་པར་ལས། ཁྲོམ་གཞུང་ཀུན་ཏུ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བ་ལས། ལི་ཤིའི་མེ་ཏོག་ནི་ཀུན་གྱི་ཡིད་དབང་འཕྲོག་ཡུལ་དུ་གྱུར།

བྱང་རིའི་མཛེས་ཚལ་དང་ལྷོ་རིའི་སྤྱི་གླིང་གི་རི་བོའི་འདབས་དང་ཆུ་བོའི་ངོགས་སུ་ལི་ཤིའི་མེ་ཏོག་མང་པོ་བཞད་ཅིང་། ཁུལ་ཆུང་དག་གི་སྔོ་ཐིང་ཐིང་གི་ར་སྐོར་དུ་ལི་ཤིའི་སྡོང་པོ་དག་ནི་རླུང་གི་རྒྱུ་བ་དང་བསྟུན་ནས་འཇོ་སྒེག་གི་གར་ལ་རོལ་བ་དང་། གནམ་ཐང་གི་གཞུང་ལམ་སོགས་ཀྱི་གཞོགས་གཉིས་སུའང་ལི་ཤིའི་མེ་ཏོག་རྣམ་པར་བཀྲ། ལི་ཤིའི་མེ་ཏོག་གིས་བརྒྱན་པའི་གནའ་གྲོང་ཟི་ལིང་ནས་མེ་ཏོག་གི་དྲི་བསུང་ཕྱོགས་བཞིར་འཐུལ།

“ཟི་ལིང་གྲོང་ཁྱེར་ལི་ཤིའི་སྡོང་པོས་བརྒྱན། མེ་ཏོག་དྲི་བསུང་ཕྱོགས་བཞི་ཀུན་ནས་འཐུལ”ཁྲོམ་གཞུང་སོགས་ག་ས་གང་དུ་རྣམ་པར་བཞད་པའི་ལི་ཤིའི་མེ་ཏོག་གིས་ཟི་ལིང་དེ་ཉིད“ས་མཐོའི་མེ་ཏོག་གི་གྲོང་ཁྱེར”གཅིག་ཏུ་འགྱུར་བར་བྱས།

“སྔོན་ཆད་ལི་ཤིའི་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས་འཆར་སྐབས། མི་རྣམས་ཀྱིས་སོ་སོའི་ཁྱིམ་དུ་ལི་ཤིའི་མེ་ཏོག་ཁོག་མ་གང་བཙུགས་ནས་མཛེས་རྒྱན་དུ་བྱེད་པ་དང་མེ་ཏོག་གི་དྲི་བསུང་མྱོང་རོལ་བྱེད་ཀྱི་ཡོད”ལི་ཤིའི་མེ་ཏོག་གི་མཛེས་སྡུག་དང་དྲི་བསུང་ལ་ཟི་ལིང་བ་ཀུན་གྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅེས་ལོ་50ལ་སླེབས་པའི་ཟི་ལིང་གི་གྲོང་མི་མཱ་ཡན་ཅུས་ཀྱིས་བརྗོད།

ལི་ཤིའི་སྡོང་པོར་ཉི་འོད་མཁོ་ཆེ་ཞིང་དེའི་གྲང་འགོག་ཐན་འགོག་དང་ས་གཤིས་ངན་པར་འཕྲོད་པའི་ཐུན་མིན་གྱི་ཁྱད་ཆོས་འདི་མཚོ་སྔོན་གྱི་ས་གཤིས་དང་གནམ་གཤིས་ལ་ཤིན་ཏུ་འཕྲོད་སྟབས། ག་ས་གང་དུ་བཙུགས་ཀྱང་སྐྱེས་ལ་ཁོག་མ་སོགས་སུ་ཡང་འཛུགས་ཆོག ཟི་ལིང་དུ་ལི་ཤི་བཏབ་པའི་ལོ་རྒྱུས་ལོ་བརྒྱ་ཕྲག་དུ་མ་ཡོད།

སྐབས་ཤིག་རིང་ནགས་ཚལ་སོགས་སྔོ་ལྗང་མེད་པའི་ཟི་ལིང་ལ་མཚོན་ན། ལོ་འདབ་རྒྱས་ཤིང་མེ་ཏོག་བཞད་ཡུན་ཅུང་རིང་བའི་ལི་ཤི་ནི་རང་བྱུང་ཁམས་ཆེན་པོས་གནའ་གྲོང་དེ་ལ་གནང་བའི་ལེགས་སྐྱེས་ཤིག་ཡིན། སྣ་ཁ་མང་དུ་དང་འཛུགས་ཁྱོན་ཆེ་རུ་ཕྱིན་པ་དང་བསྟུན་ནས། 1985ལོར་ཟི་ལིང་གིས་ལི་ཤི་འདི་ཉིད་གྲོང་ཁྱེར་གྱི་མཚོན་བྱེད་མེ་ཏོག་ཏུ་གཏན་འཁེལ་བྱས་པ་རེད།

“སྔོན་ཆད་ཟི་ལིང་གི་ཁོར་ཡུག་ཆ་རྐྱེན་ཡག་པོ་མེད་པས་དུས་ཚིགས་བཞི་པོར་ལྗོན་ཤིང་དང་མེ་ཏོག་མཐོང་དཀོན་པོ་ཡོད། ད་ཆ་མི་རྣམས་ཀྱིས་མེ་ཏོག་སྣ་ཁ་མང་པོ་ཉོ་ཐུབ། ཡིན་ན་ཡང་ལི་ཤི་ནི་སྔར་བཞིན་ཟི་ལིང་བའི་སེམས་ནང་གི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་མེ་ཏོག་ལ་གྱུར་ཡོད” ཟི་ལིང་གྲོང་ཁྱེར་མེ་ཏོག་འགྲེམས་ཚོང་ལྟེ་གནས་ཀྱི་མེ་ཏོག་ཚོང་ཁང་ཞིག་གི་སྦྱིན་བདག་ཅཱ་ཧུང་ཅོན་གྱིས་མེ་ཏོག་གི་ཚོང་བརྒྱབ་ནས་ལོ་20ལྷག་ཙམ་སོང་རིང་མེ་ཏོག་སྣ་མང་མཐོང་མྱོང་ཡང་ལི་ཤི་མེ་ཏོག་ལ་ནི་སྔར་མུས་བཞིན་ཁོང་གིས་དགའ་ཤོས་བྱེད་པའི་མེ་ཏོག་རེད།

གྲོང་ཁྱེར་བཀྲག་མདངས་ཅན་དུ་སྒྱུར་པའི་དགོས་མཁོ་དང་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བར་བཅངས་པའི་མང་ཚོགས་ཀྱི་རེ་བ་སྐོང་བར་ལི་ཤིའི་སྣ་ཁ་གསར་པ་རྒྱུན་ཆད་མེད་པར་ནང་འདྲེན་བྱེད་དགོས། ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཡན་ཕིང་གིས། ལི་ཤིའི་སྣ་ཁ་ཁ་ཤས་ནི་སྤྱིར་བཏང་གི་རང་བྱུང་ཆ་རྐྱེན་འོག་རང་བཞིན་དུ་རྩ་བ་ཚུགས་དཀའ་བས་སྲིན་སེལ་སྐྱེད་སྲིང་བྱེད་དགོས། སྲིད་གཞུང་གིས་སྒོར་ཁྲི་500ལྷག་ཙམ་བཏང་ནས་ཟི་ལིང་དུ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ལི་ཤིའི་ནགས་ཤིང་ཐོན་ཁུངས་མཛོད་འབའ་ཞིག་དེ་བཙུགས་ནས། ལི་ཤིའི་སོན་རྒྱུ་སྲུང་སྐྱོང་དང་། ཞིབ་འཇུག གསོ་སྤེལ་བཅས་ཀྱི་ལས་འགན་འཁུར་གྱི་ཡོད་ཅེས་ངོ་སྤྲོད་བྱས།

ལི་ཤིའི་སྣ་ཁ་2013ལོའི་18ནས་ད་ཆའི་ཐོན་ཁུངས་མཛོད་དུ་ཉར་བའི་103བར་མང་དུ་ཕྱིན་པ་ལས་གསོ་སྤེལ་བྱེད་ཐུབ་པའི་སྣ་ཁ་69ཟིན་པ་དང་། 2019ལོ་ཁོ་ནར། ཟི་ལིང་གི་ཁྲོམ་གཞུང་ཆེ་ཆུང་མང་པོར་ལི་ཤིའི་སྡོང་རྐང་ཁྲི་148བཙུགས་པས། ལི་ཤིའི་སྡོང་ཕྲུག་རྐང་ཁྲི་750ལས་བརྒལ་ནས། ཟི་ལིང་དེ་ཉིད་རྒྱལ་ནང་གི་ལི་ཤི་གསོ་སྤེལ་སྣ་ཁ་ཅུང་མང་བ་དང་འདེབས་འཛུགས་རྒྱ་ཁྱོན་ཅུང་ཆེ་བའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།

ཟི་ལིང་བ་ལི་ཤིར་དགའ་བས། ཟི་ལིང་གྲོང་ཁྱེར་ལི་ཤིས་ཁེངས། གྲོང་ཁུལ་ཀུན་ཏུ་ལི་ཤིའི་མེ་ཏོག་བཞད་དེ་དྲི་བསུང་ཕྱོགས་བཞིར་ཐུལ་བ་དང་ཆབས་ཅིག གནའ་གྲོང་དེར“ཐུན་མོང་མ་ཡིན་པའི”ཁྱད་ཆོས་མང་པོ་ཡང་བསྣན་ཡོད། ཉེ་བའི་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་གྱིས་ལི་ཤི་སོགས་མེ་ཏོག་གཞི་ཁྱོན་ཆེན་པོ་བཙུགས་ནས། གྲོང་ཁྱེར་གྱི་སྣོད་བཅུད་དང་སྤྱི་གླིང་ཆེ་ཆུང་ཀུན་ལ་མཛེས་རྒྱན་སྤྲས་ཏེ་བཀྲག་མདངས་འཚེར་བར་བྱས། ས་མཐོའི་མེ་ཏོག་གི་གྲོང་ཁྱེར་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱིས་ཟི་ལིང་དེ་ཉིད་ཡུལ་སྐོར་གྱི“ལམ་བར་བབས་ཚུགས”ཤིག་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི“དམིགས་ས”ཞིག་ཏུ་རིམ་བཞིན་འགྱུར་བ་རེད།

(ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན)

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)