《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月05日

“བོད་ཀྱི་གྲོང་མིའི་བཅུད་ལྡན་ཇ་བསྲུབས་མའི་རྣམ་གྲངས”ལག་བསྟར་བྱེད་འགོ་ཚུགས་པ།

ཀྲུང་གོ་གསར་འགྱུར་དྲ་བ་ཧྲང་ཧའེ་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། བོད་དུ་འཚོ་བཅུད་མི་འདང་བའི་ཟུངས་ཁྲག་ཉམས་པ་ནི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཆེན་པོ་བཟོ་བའི་རྒྱུན་མཐོང་ནད་གཞི་ཞིག་རེད། ཧྲང་ཧའེ་ཡི་བོད་སྐྱོར་སྨན་དོན་མི་སྣས་བོད་ཀྱི་ས་ཁུལ་དུ་མང་ཚོགས་ཚོའི་ཟུངས་ཁྲག་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ནི་བཟའ་བཏུང་ལ་ཚང་དགོས་ངེས་ཀྱི་ཁྲག་སྐྱེས་རྒྱུ་ཆ་མི་འདང་བ་ཡིན་པ་ཤེས་རྟོཌ་བྱུང་ཡོད། ཉེ་ཆར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གསོ་རིག་སློབ་གླིང་ཞོར་གཏོགས་རུའེ་ཅིན་སྨན་ཁང་དང་གཞིས་རྩེ་མི་དམངས་སྨན་ཁང་དབར་བརྙན་ལམ་ཐོག་ནས་བཅུད་ལྡན་མར་ཞལ་འདེབས་རྒྱག་པའི་མཛད་སྒོ་འཚོགས་ཤིང་། ཧྲང་ཧའེ་ནས་བཏང་བའི་བཅུད་ལྡན་མར་ཏུན་2.5བོད་ཀྱི་ཟུངས་ཁྲག་ཉམས་པའི་ནད་པར་སྤྲད་དེ་ཁོང་ཚོའི་ཁྲག་སྐྱེས་དང་འཚོ་བཅུད་མི་འདང་བའི་གནད་དོན་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

དེ་རིང་ནས་བཟུང་གཞིས་རྩེ་མི་དམངས་སྨན་ཁང་ཟུངས་ཁྲག་ཚན་ཁག་ཏུ་སྨན་བཅོས་བྱེད་མཁན་གྱི་འཚོ་བཅུད་མི་འདང་བའི་ཟུངས་ཁྲག་ཉམས་པའི་ནད་པ་སྨན་ཁང་ནས་དོན་སྐབས་ཚང་མར་ཧྲང་ཧའེ་ནས་བཏང་བའི་དམིགས་བསལ་མར་སྤྲོད་ཀྱི་ཡོད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་མིག་དམར་རྡོ་རྗེས“དེ་ནི་བོད་ཀྱི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད་པའི་བྱ་བ་བཟང་པོ་ཞིག་རེད”ཅེས་བཤད། ཁོང་གིས“གཞིས་རྩེ་ས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པ་དང་། ས་གནས་འདི་གའི་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་པའི་བཟའ་བཏུང་གི་གྲུབ་ཆ་ཚན་རིག་དང་མི་མཐུན་པ་མ་ཟད། སྔོ་ཚལ་དང་། ཤིང་འབྲས། དེ་བཞིན་ཤ་སོས་པ་བཟའ་ཚད་ཉུང་བ་ལས་ས་མཐོའི་ནད་དང་། ཟུངས་ཁྲག་ཉམས་པའི་ནད། ཐུམ་བུའི་ནད། འདུས་འདྲིལ་གཅོང་ནད་སོགས་ཀྱི་ནད་གཞི་ཕོག་མཁན་མང་པོ་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

མིག་དམར་རྡོ་རྗེས་འཚོ་བཅུད་མི་འདང་བའི་ཟུངས་ཁྲག་ཉམས་པའི་ནད་གཞི་དེ་ཀྲུང་གོའི་ས་ཁུལ་གཞན་དག་ལ་ཐོན་ཧ་ཅང་ཉུང་བ་དང་། བོད་དུ་བཟའ་བཅའི་འཚོ་བཅུད་དོ་སྙོམས་མེད་པའི་དབང་གིས་དེ་རྒྱུན་མཐོང་ནད་གཞི་ཞིག་ཏུ་གྱུར་ཡོད། ད་ཆ་ཇ་བསྲུབས་མའི་ནང་བཅུད་ལྡན་གྱི་རྒྱུ་ཆ་བསྲེས་ཡོད་པས་གཞི་རྩའི་ཆ་ནས་ནད་རྐྱེན་ཐག་གཅོད་བྱེད་ཐུབ་ཅེས་བཤད།

“ཇ་འདིའི་བྲོ་བ་ང་ཚོས་བཟོས་པ་དང་གཅིག་པ་རེད་འདུག”ཅེས་ད་ལྟ་བཟོས་མ་ཐག་པའི་ཇ་བསྲུབས་མ་འཐུང་བཞིན་དུ་སྒྲོལ་མས་དེ་ལྟར་བཤད། ཁོང་གིས“དེ་སྔ་ནང་སའི་མར་གྱིས་བཟོས་པའི་ཇ་བསྲུབས་མ་འཐུང་ན་གོམས་ཀྱི་མ་རེད་བསམ་བྱུང་། འོན་ཀྱང་ཇ་འདིའི་བྲོ་བ་ནང་ལ་བཟོས་པ་དང་གཅིག་པ་རེད་འདུག་ལ། གོ་ཐོས་ལ་ཉིན་ལྟར་འཐུང་ན་ང་རང་གི་ཟུངས་ཁྲག་ཉམས་པའི་ནད་གཞིར་ཕན་པ་ཡོད་པ་ཤེས་བྱུང་། ངས་ཉིན་ལྟར་འཐུང་གི་ཡིན”ཞེས་བཤད།

རུའེ་ཅིན་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆུས་ཅེ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རུའེ་ཅིན་སྨན་ཁང་ཟུངས་ཁྲག་ཚན་ཁག་གིས་2015ལོ་ནས་བཟུང་གཞིས་རྩེ་མི་དམངས་སྨན་ཁང་ཟུངས་ཁྲག་ཚན་ཁག་ལ་གཅིག་རྗེས་གཅིག་མཐུད་ངང་རོགས་སྐྱོར་བྱས་པ་དང་། ཨེམ་ཆིས་ས་གནས་དེ་རང་དུ་ནད་པར་སྨན་བཅོས་བྱེད་པ་མ་ཟད། ད་དུང་ནད་གཞི་ཕོག་པའི་རྒྱུ་རྐྱེན་ལ་ཞིབ་འཇུག་ཞིབ་ཚགས་བྱས་པ་ལས་བོད་ལྗོངས་ས་ཁུལ་གྱི་ཟུངས་ཁྲག་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ནི་འཚོ་བཅུད་མི་འདང་བ་ཡིན་པ་ཤེས་རྟོགས་བྱུང་ཡོད།

ནད་གཞི་དེ་མ་ཐོན་སྔོན་འགོག་བྱ་ཆེད། རུའེ་ཅིན་སྨན་ཁང་གི་སྨན་དོན་པས་མཉམ་དུ་བོད་ཀྱི་མི་དམངས་ཀྱི་འཚོ་བ་དང་བཟའ་བཏུང་། གོམས་གཤིས་དང་མཐུན་པའི་ཇུས་གཞི་བཟོས་ནས་ས་གནས་དེ་གའི་གྲོང་མིས་རྒྱུན་གཏན་སྤྱོད་པའི་མར་ལ་ཁྲག་སྐྱེས་རྒྱུ་ཆ་བསྣན་པ་དང་ཆབས་ཅིག འབྲེལ་ཡོད་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་ཀྱིས་བཅུད་ལྡན་མར་ཞིབ་འཇུག་དང་གསར་བཟོ་བྱེད་རྒྱུར་གཞོགས་འདེགས་བྱས་ཡོད།

ཧྲང་ཧའེ་གྲོང་ཁྱེར་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་དོན་རུ་ཁག་ཁག་ལྔ་པའི་རུ་སྣེ་ཁྲིད་མཁན་དང་། གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཝན་ཤིང་དབང་གིས། བཅུད་ལྡན་མར་དེས་མང་ཚོགས་ཀྱི་འཚོ་བ་དང་ནད་གཞི་སྔོན་འགོག་ལ་ཕན་པ་མ་ཟད། བོད་ཀྱི་མང་ཚོགས་ཀྱི་ཁྲག་སྐྱེས་རྒྱུ་ཆ་མི་འདང་བའི་གནད་དོན་རྦད་དེ་ཐག་གཅོད་བྱེད་ཐུབ་ཅེས་གདེང་འཇོག་བྱས་ཡོད། ཝན་ཤིང་དབང་གིས། རྣམ་གྲངས་དེ་བདེ་བླག་ངང་ལག་ལེན་བསྟར་ཐུབ་ན་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་ཤུགས་ཆེན་འགྲོ་ཐུབ་པ་དང་འབྲེལ། ནད་པ་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་ཆགས་རྒྱུ་སྔར་བས་ཉུང་དུ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)