《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月16日

བོད་ལྗོངས་ཀྱིས་2019ལོར་མ་དངུལ་སྒོར་དུང་ཕྱུར་1.1ལྷག་ཙམ་བཏང་ནས་རིག་དངོས་ཀྱི་བདེ་འཇགས་དང་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ལྗོངས་དྲ་བའི་ཐོག་ཟླ་5ཚེས་14ཉིན་གནས་ཚུལ་སྤེལ་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་2020ལོའི་རིག་དངོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོར་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.1ལྷག་ཙམ་བཏང་ནས་རིག་དངོས་ཀྱི་བདེ་འཇཌ་དང་འགོག་སྲུང་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་རེད།

བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཧྲི་ཀྲུང་གིས། རིག་དངོས་ཀྱི་བདེ་འཇགས་དང་འགོག་སྲུང་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། 2019ལོར་མ་དངུལ་སྒོར་ཁྲི་6500ཙམ་བཏང་ནས་རིག་དངོས་སྲུང་སྐྱོབ་ཚན་པ་34ཡི་བདེ་འཇགས་སྲུང་སྐྱོང་དང་མེ་ཟོན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་ཁྲི་2600བཏང་ནས་རིག་དངོས་སྲུང་སྐྱོབ་ཚན་པ་42ཀྱི་གློག་ཤུགས་གློག་སྐུད་སྒྲིག་སྦྱོར་ལེགས་བཅོས་བྱས་པ། མ་དངུལ་སྒོར་ཁྲི་256བཏང་ནས་རིག་དངོས་ཚན་པའི་རིག་ལྡན་གློག་སྤྱོད་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ད་དུང་བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་960དང་ས་ཁུལ་དང་གྲོང་ཁྱེར་ཁག་གིས་སྒོར་ཁྲི་705བཏང་སྟེ་ཐང་སྟོང་གི་རིག་དངོས་ས་ཚིགས་སྲུང་སྐྱོབ་ལ་ཤུཌ་སྣོན་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

འདི་ལོ་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་བདེ་འཇགས་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཇུས་གཞིའི་བླང་བྱ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་རིག་དངོས་སྡེ་ཚན་དང་ཚན་པས་བདེ་འཇགས་མེ་ཟོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་རེད། རིག་དངོས་བདེ་འཇགས་ཀྱི་ལས་རེས་སྐོར་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་པ་བརྒྱུད། གཙོ་གནད་ཁུལ་དང་གཙོ་གནད་ཁྱབ་ཁོངས་སུ་རྒྱུན་གཏན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་དངོས་བདེ་འཇགས་ཀྱི་མེ་ཟོན་རུ་ཁག་འཛུགས་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནང་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་ཚན་པ་དང་རྟེན་རྫས་བཤམས་མཛོད་ཁང་གི་བདེ་འཇགས་དང་འགོག་སྲུང་གི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

དེ་དང་དུས་མཚུངས། ད་དུང་གཙུག་ལག་ཁང་དང་། བྱམས་པ་གླིང་། གྲོལ་སྡེ་དགོན། སྤང་མདའ་དགོན་སོགས་རིག་དངོས་སྲུང་སྐྱོབ་ཚན་པའི་གློག་ཤུགས་གློག་སྐུད་སྒྲིག་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། ནོར་བུ་གླིང་གའི་མེ་ཟོན་ནུས་པ་ཆེ་རུ་གཏོང་བ་དང་། ས་སྐྱ་དགོན་དང་། གཙུག་ལག་ཁང། འཁོར་ཆགས་དགོན། འཕགས་པ་དགོན་སོགས་རིག་དངོས་སྲུང་སྐྱོབ་ཚན་པའི་བདེ་འཇགས་སྲུང་སྐྱོང་དང་མེ་ཟོན་ནུས་པ་ཆེ་རུ་གཏོང་བའི་ལས་གྲྭ་ལེགས་གྲུབ་བྱ་རྒྱུ་རེད། ནོར་བུ་གླིང་ག་དང་། མཉེས་ཐང་སྒྲོལ་མ་ལྷ་ཁང་། འབྲས་སྤུངས་དགོན་སོགས་རིག་དངོས་ཚན་པས་རིག་ལྡན་གློག་སྤྱོད་ལས་གྲྭ་ལེགས་གྲུབ་བྱ་རྒྱུ་རེད”ཅེས་ལིའུ་ཧྲི་ཀྲུང་གིས་བཤད་པ་དང་། ད་དུང་ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་འཕེལ་རིམ་བདེ་བླག་ཡིན་པ་དང་། 2019ལོའི་ཟླ་10པར་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་ནས་མ་དངུལ་སྒོར་དུང་ཕྱུར་2.7བཏང་ཡོད། མིག་སྔར་འགྲེམས་ཁང་གསར་པའི་འགྲེམས་སྟོན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། 2021ལོའི་ཟླ་5པར་དངོས་སུ་སྒོ་འབྱེད་པའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་བཤད་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། པ་ཚེས་ཞུས)