《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

གློག་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་། གློག་སྒོ་མནན་པ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཤག་ཆུ་ཤང་དགའ་མ་ཉག་གྲོང་ཚོར་འོད་ཤུགས་ཉི་གློག་ལ་བརྟེན་ནས་གློག་གཏོང་བའི་ལོ་རྒྱུས་མཇུག་མགྲིལ་ཞིང་། དགའ་མ་ཉག་གྲོང་ཚོ་ནི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པའི་བྱང་རྩྭ་ཐང་སྟེང་གི་གྲོང་ཚོ་ཆུང་ངུ་ཞིག་ཡིན་པ་དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་11གི་མང་ཚོགས་ཚོའི་སྡོད་གནས་ཁ་ཐོར་ཡིན་ལ་སྡོད་གནས་རེར་དུད་ཚང་གཉིས་གསུམ་ལས་མེད།

སྔོན་ཆད་གནས་དེར་མི་རྣམས་ཀྱིས་འོད་ཤུགས་ཉི་གློག་དང་གློག་གསོག་ཆས་ལ་བརྟེན་ནས་གློག་སྤྱོད་ཀྱི་ཡོད་ཅིང་། དེ་གཉིས་ཀྱིས་གློག་སྤྱོད་ཚེ་གློག་སྒྲོན་ལས་ཐེག་གི་མེད་པས་ཁྱིམ་སྤྱོད་གློག་ཆས་སྤྱོད་ཐུབ་ཀྱི་མེད་ལ་གློག་བདེ་བླག་ངང་སྤྱོད་ཐུབ་མིན་དེའང་གནམ་གཤིས་དང་འོད་ཕོག་མིན་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཆེན་པོ་ཡོད།

2017ལོར་ས་གནས་དེ་གའི་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལག་བསྟར་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་དུ་དུད་ཚང་11གི་མང་ཚོགས་གཅིག་སྡུད་བཀོད་སྒྲིག་བྱས་ཤིང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་དེའང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲའི་རྣམ་གྲངས་འཛུགས་སྐྲུན་གྱི་ཁག་དང་པོའི་འཛུགས་སྐྲུན་མིང་ཐོའི་ནང་བཅུག་ཡོད། བཀོད་སྒྲིག་བྱ་ཡུལ་དུ་གློག་དྲ་སྦྲེལ་མཐུད་ཐུབ་པ་དེས“གློག་དྲའི་གློག་སྒྲོན”གྱི་འོད་མདངས་འཚེར་ཡོད་ལ་གློག་ཤུགས་འཛུགས་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བས་གྲོང་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བའི་ཚོར་སྣང་དངོས་བྱུང་ཡོད།

བོད་རང་སྐྱོང་ལྗོངས་སུ་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་ཆབས་ཅིག་གྲོང་ཁྱེར་དང་ས་ཁུལ་ཁག་དང་། རྫོང་དང་ཤང་ཚང་མའི་ཐག་རིང་ལུང་ཁུག་ཏུ་གནས་པའི་ཤང་དང་གྲོང་ཚོ་དབུལ་པོར་གློག་དྲ་སྦྲེལ་མཐུད་བྱས་ཏེ“གློག་ཡག་པོ་སྤྱོད་པའི”དུས་རབས་ཀྱི་གཏམ་བཟང་ཁྱབ་འགོ་ཚུགས་ཡོད། གློག་སྒོའི་སྒྲ་དང་བསྟུན་ནས་གློག་སྒྲོན་རེ་རེ་ས་མཐོའི་གྲོང་གསེབ་ཏུ་སྤར་བ་དེས་སྡོད་ཁང་རེ་རེར་འོད་སྣང་ཞིག་སྦྱིན་ཡོད་ལ་བོད་ཀྱི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་ལམ་བུར་འོད་སྣང་ཞིག་ཀྱང་སྦྱིན་ཡོད། ཁྲ་ཐིང་ངེར་སྤར་བའི་གློག་སྒྲོན་རེ་རེ་ནི་བོད་ཀྱི་གློག་ཤུགས་འཛུགས་སྐྲུན་ཟམ་མི་ཆད་པར་རང་ངོས་ཚད་བརྒལ་དང་དཀའ་ངལ་ལ་འགྲན་སློང་བྱས་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རམ་འདེགས་བྱེད་པ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རམ་འདེགས་བྱ་ཆེད་བྱས་པའི་འབད་བརྩོན་དང་ཐོབ་པའི་གྲུབ་འབྲས་ཤིག་རེད། (པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)