《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

དཔྱིད་དུས་སུ་ས་མཐོར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་བ།

གངས་ལྗོངས་ས་མཐོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་གང་སར་སྔོ་ཐིང་ཐིང་གི་རྣམ་པ་ཞིག་མངོན་ཞིང་། བོད་ཀྱི་དམངས་འཚོའི་རྣམ་གྲངས་ཁག་གཅིག་གིས་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་ལ་འགྱུར་བ་དང་དུས་མཚུངས། ལས་འགོ་བསྐྱར་འཛུགས་བྱེད་མགྱོགས་སུ་བཏང་སྟེ་ཨར་ལས་ཀྱི་ལས་འགན་སྤུས་ཚད་མཐོ་པོས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

ཉེ་ཆར། བོད་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་ཡིན་པའི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ཁྱིམ་བཞི་གྲོང་ཚོའི་ཆན་ཧྥུའུ་10དང་དེ་མན་གྱི་གློག་བགོ་སྒྲིག་ལས་གྲྭའི་ཨར་སྐྲུན་བྱེད་ཡུལ་དུ་ཨར་ལས་མི་སྣས་དུས་ཚོད་དམ་འཛིན་གྱིས་གློག་སྐུད་ཁྲིད་པའི་ལས་ཀ་བྱེད་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་།

གོང་དཀར་རྫོང་ལྕེ་བདེ་ཞོལ་ཤང་ཁྱིམ་བཞི་གྲོང་ཚོའི་ཆན་ཧྥུའུ་10དང་དེ་མན་གྱི་གློག་བགོ་སྒྲིག་སྒྱུར་བཀོད་ལས་གྲྭར་གློག་གནོན་སྒྱུར་ཆས་11གསར་སྐྲུན་དང་སྒྱུར་བཀོད་དང་། ཆན་ཧྥུའུ་10ཟིན་པའི་གློག་སྐུད་སྤྱི་ལེ་3.4སྒྱུར་བཀོད། དམའ་གནོན་གློག་སྐུད་སྤྱི་ལེ་16.2སྒྱུར་བཀོད་བཅས་བྱ་རྒྱུ་དང་། སྤྱོད་འགོ་ཚུགས་རྗེས་ཤང་ཡོངས་ཀྱི་མི་5000ཙམ་གྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་ཀྱི་སྤུས་ཚད་མངོན་གསལ་དོད་པོ་མཐོ་རུ་འགྲོ་རྒྱུ་རེད།

བོད་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་118.6གཏོང་རྩིས་ཡོད་པ་དང་། ལས་གྲྭ་འཛུགས་སྐྲུན་བྱེད་ཡུལ་བོད་ཀྱི་ཐག་རིང་ལུང་ཁུག་ཏུ་གནས་པ་དང་། ཨར་ལས་ཀྱི་ལས་འགན་ལ་གནས་མང་ཞིང་ཁྱབ་རྒྱ་ཆེན་པོ་ཡོད་པ་རེད། ལས་གྲྭ་དེར་བོད་ཀྱི་རྫོང(ཆུས)74དང་། སྲིད་འཛིན་གྲོང་ཚོ་2026 མི་འབོར་ཁྲི་251བཅས་དང་འབྲེལ་བ་ཡོད་པ་དང་། ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་། དངོས་ཟོག་སྐྱེལ་འདྲེན་ཐད་དཀའ་ངལ་ཆེ་བ། ཨར་ལས་ཁོར་ཡུག་ཞན་པ་བཅས་ཡོད་ཅིང་། མིག་སྔའི་བར། དེ་ཁུལ་དུ་ཨར་ལས་བྱེད་མཁན་ལས་མི་5000ཙམ་ཡོད་པ་དང་། ལས་གྲྭའི་འཛུགས་སྐྲུན་གཙོ་བོའི་འཕེལ་རིམ་73.5%ལེགས་གྲུབ་ཐུབ་ཡོད་པ་རེད།

དེ་དང་དུས་མཚུངས། ཁྱིམ་བཞི་གྲོང་ཚོ་དང་བར་ཐག་ལེ་དབར་སྟོང་ཕྲག་ཆོད་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཁོངས་སུ། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭའི་འཛུགས་སྐྲུན་པ་ཚོས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་གྲང་རླུང་ཁྲོད་དུ་གྲའུ་གྲོང་ཚོའི་ཆན་ཧྥུའུ་500ཟིན་པའི་གློག་སྒྱུར་ས་ཚིགས་ཀྱི་ཨར་ལས་འཛུགས་སྐྲུན་ལས་འགན་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད་པ་རེད།

མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭའི་བཀོད་འདོམས་པུའི་ལག་རྩལ་པུའུ་ཡི་ཀྲུའུ་རེན་གཞོན་པ་པའེ་ཞའོ་ཆིས་ངོ་སྤྲོད་བྱས་དོན། མིག་སྔའི་བར། ལས་གྲྭ་ཧྲིལ་པོའི་འཛུགས་སྐྲུན་འཕེལ་རིམ་ལེགས་གྲུབ་ཐུབ་ཚད་31%ཟིན་ཡོད། དེའི་ནང་། ལྕགས་སྒྲོམ་གློག་ཤིང་3007གྱི་འཛུགས་ས་བསྔོགས་པ་དང་། ལྕགས་སྒྲོམ་གློགཤིང་2851ལ་ཨར་འདམ་ལུགས་བརྒྱབ་པ། ལྕགས་སྒྲོམ་གློགཤིང་564བཙུགས་པ། གློག་སྒྱུར་ས་ཚིགས་6གི་ལས་གྲྭ་གཙོ་བོ་ཚང་མ་ལས་མཇུག་འགྲིལ་ཡོད་པ་རེད།

མིག་སྔར། གློག་དྲ་འཛུགས་སྐྲུན་པ་མང་པོ་གོ་རིམ་ལྡན་པའི་ངང་བོད་དུ་ལོག་ནས་ལས་གནས་ཐོག་འབྱོར་བ་དང་། བོད་དུ“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་དང་། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་སོགས་གློག་དྲ་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་430ཡོངས་རྫོགས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་ཡོད་པ་རེད།

གློག་དྲ་འཛུགས་སྐྲུན་གྱི་རྣམ་གྲངས་ཕུད། མིག་སྔར། རང་ལྗོངས་ཀྱི་དམངས་འཚོའི་ལས་གྲྭ་ཆེན་པོ་གསུམ་ཡང་སྔ་རྗེས་སུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་ཡོད་པ་རེད།

ཚ་བ་ལྟ་བ་དང་དུག་སེལ་བྱེད་པ་སོགས་ཀྱི་བརྒྱུད་རིམ་རབ་དང་རིམ་པ་བརྒྱུད་རྗེས། ཨར་ལས་མི་སྣ་གོ་རིམ་ལྡན་པའི་ངང་ཨར་ལས་བྱ་ཡུལ་དུ་སླེབས་ཤིང་། ཉིན་ཤས་རིང་། བོད་རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་པུས་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་གཞིགས་ཏེ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།

ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭའི་བོད་རང་སྐྱོང་ལྗོངས་སྨན་ཁང་རྣམ་གྲངས་པུའི་འབྲེལ་ཡོད་འགན་འཁུར་མི་སྣས“རྣམ་གྲངས་འདི་ཟླ་2ཚེས་18ཉིན་ནས་བཟུང་ཆ་ཤས་ལས་འགོ་ཚུགས་པ་དང་། མིག་སྔར་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

བོད་རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་ནི་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམངས་འཚོའི་ལས་གྲྭ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། གནས་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོར་ཡིན་པ་དང་། 2019ལོའི་ཟླ་9ཚེས་24ཉིན་ངོ་བོའི་རང་བཞིན་གྱི་ཨར་ལས་དུས་མཚམས་སུ་དངོས་སུ་སླེབས་ཡོད། རྣམ་གྲངས་དེར་རྒྱལ་ཁབ་ཀྱིས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་10བཏང་བ་དང་། དེ་ནི་བོད་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། རྣམ་གྲངས་དེ་བསྐྲུན་རྗེས་ལྗོངས་ཡོངས་ཀྱི་རྩད་ཆོད་ཁག་པ་དང་། ཉེན་ཁ་ཆེ་ལ་ནད་ཚབས་ཆེ་བའི་ནད་གཞི་ནད་བརྟག་སྨན་བཅོས་དང་ཐོལ་བྱུང་སྤྱི་པའི་དོན་རྐྱེན་གྱི་ཛ་དྲག་རོགས་སྐྱོབ་ཀྱི་ལས་འགན་གཙོ་གནད་ཐོག་ཁུར་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོ་བའི་ཀླད་སྙིང་ཁྲག་རྩ་དང་། རྨས་སྐྱོན། དབུགས་འབྱིན་རྔུབ་སོགས་ཀྱི་ས་མཐོའི་ནད་དམིགས་བསལ་ངང་སྨན་བཅོས་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་དམངས་འཚོའི་ལས་གྲྭ་ཆེན་པོ་གསུམ་གྱི་གྲས་སུ་ཚུད་པའི་བོད་ལྗོངས་ལག་རྩལ་སློབ་གླིང་གི་རྣམ་གྲངས་དང་བོད་ལྗོངས་གསོ་རིག་སློབ་ཆེན་གྱི་རྣམ་གྲངས་ཀྱང་དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

དཔྱིད་ཀྱི་ཁ་བས་དཔྱིད་ཀྱི་མྱུ་གུ་འབུས། དཔྱིད་ཀྱི་རླུང་བུས་དཔྱིད་ཀྱི་མེ་ཏོག་བཞད། བོད་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་འོག་དམངས་འཚོའི་རྣམ་གྲངས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད་ཅིང་། དུས་ཚོད་བརྩོན་ལེན་ཧུར་ཐག་བྱེད་པ་དང་གྱོང་གུན་དམའ་ཤོས་སུ་བཏང་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)