《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

ང་ཚོས་རང་ནུས་ཡོད་རྒུས་རོགས་རེས་བྱས་ཏེ་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད།

འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ནན་གྱིས།

ཨིར་ལན་ནས་བསྐུར་བའི་ཛ་དྲག་གི་རོགས་སྐྱོབ་རེ་ཞུའི་གློག་རྡུལ་ཡི་གེ་ཞིག་ལས། སྤྱི་ལེ་9000ཙམ་ཆོད་པའི་བརྙན་ལམ་སྦྲེལ་མཐུད་ཀྱི་གསོ་རིག་གི་སྤེལ་རེས་ཤིག་བྱེད་འགོ་ཚུགས།

དེ་ཡང་ཡི་གེ་སྐུར་མཁན་ནི་ཨིར་ལན་གྱི་རྒྱལ་ཁབ་ཏོག་གསར་གློ་ཚད་རིམས་ནད་འཕྲལ་སྡོམ་ཨུ་ལྷན་གྱི་ལས་འཛིན་ཏུའུ་པའེ་ལིན་སློབ་ཆེན་དབུགས་འབྱིན་རྔུབ་ཁོག་ནད་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཨའོ་ཤིན·ཨོའུ་ཁང་ནེར་ཡིན་ཞིང་། ཁོང་གིས་ཧང་ཀྲོའུ་རུ་ཡོད་པའི་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པ་དང་འབྲེལ་གཏུག་ཚོད་ལྟ་བྱས་ཏེ། ཀྲུང་གོའི་ལས་རིགས་གཅིག་པ་ཚོའི་ས་ནས་རིམས་ནད་ལ་འགོག་རྒོལ་གྱི་ཉམས་མྱོང་ཤེས་རེ་བྱས་པ་རེད།

ཟླ་3ཚེས་13ཉིན་གྱི་དགོང་མོའི་ཆུ་ཚོད་6པར་བརྙན་ལམ་སྦྲེལ་མཐུད་ཀྱི་སྤེལ་རེས་ཁ་ཆད་ལྟར་བྱེད་བཞིན་ཡོད་ཅིང་། ཕྱོགས་གཅིག་ནི་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པའི་ནད་སྐྱོང་བ་དང་། སྨན་ཁང་གི་འགོ་ནད་དོ་དམ་སོགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པ། དེ་བཞིན་ད་ལྟ་ཝུའུ་ཧན་དུ་ཡོད་པའི་འཐབ་ས་དང་པོའི་སྨན་བཅོས་རུ་ཁག་གི་རུ་མི་བཅས་ཡིན་པ་དང་། ཕྱོགས་གཞན་ཞིག་ནི་ཨིར་ལན་གྱི་སྨན་བཅོས་སྒྲིག་གཞི་ཆེ་གྲས་ཁག་དང་གསོ་རིག་སློབ་གླིང་གི་རིགས་གཅིག་མཁས་ཅན་30ལྷག་ཙམ་ཡིན་པ་རེད།

དུས་ཐུང་ནང་མི་དང་དངོས་ཟོག་སྐོང་འཐེན་ནུས་ལྡན་ཇི་ལྟར་བྱེད་དགོས་སམ། ནད་སྐྱོང་བའི་གསོ་སྦྱོང་ལ་མགྱོགས་མྱུར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། སྨན་སྤྱོད་པའི་ཐད་ཉམས་མྱོང་གང་ཞིག་ཡོད་དམ། དངོས་ཟོག་ཁ་ཐང་བའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ་ལ་སོགས་ཨིར་ལན་ཕྱོགས་ནས་ཁ་ཚ་དགོས་གཏུགས་སུ་གྱུར་པའི་སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་སྐོར་གྱི་དྲི་བ་མང་པོ་བཏོན་པར། ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པའི་རིགས་གཅིག་མཁས་ཅན་གྱིས་དྲི་བ་རེ་རེ་བཞིན་ལན་བརྒྱབ་པ་མ་ཟད། རིམས་ནད་འགོག་བཅོས་ཐད་ཀྱི་ཀྲུང་གོའི་ཇུས་གཞི་དང་ཀྲེ་ཅང་གི་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་ཀྱང་བྱས་པ་རེད།

དུས་ཡུན་ཆུ་ཚོད་གཉིས་ཀྱི་བརྙན་ལམ་སྦྲེལ་མཐུད་ཀྱི་སྤེལ་རེས་མཇུག་འགྲིལ་ཉེའི་མཚམས་སུ་ཨིར་ལན་གྱི་རིགས་གཅིག་མཁས་ཅན་གྱིས། ཀྲུང་གོའི་ཉམས་མྱོང་དེ་དག་ཧ་ཅང་རིན་ཐང་བྲལ་བ་ཞིག་རེད། ངས་ཨིར་ལན་གྱི་མི་དམངས་ཡོངས་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། རིམས་ནད་ཞི་རྗེས་ཁྱེད་ཚོ་ཨིར་ལན་ལ་ཡོང་བའི་རེ་བ་ཡོད་ཅེས་བརྗོད།

ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པའི་ཡོན་ཀྲང་ཝང་ཅན་ཨན་གྱིས། གལ་ཏེ་ཨིར་ལན་བ་ཚོར་དགོས་མཁོ་ཡོད་ཚེ་ང་ཚོས་རང་ནུས་ཡོད་རྒུས་རོགས་རེས་བྱས་ནས་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་ཅེས་བཤད།

ཀྲེ་ཅང་དུ་སྨན་བཅོས་འཕྲོད་བསྟེན་ཚན་པས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་རྒྱལ་སྤྱིའི་ལས་རིགས་གཅིག་པ་ཚོར་རིམས་འགོག་ཐད་རོགས་རམ་བྱེད་པ་མ་ཟད། ད་དུང་གྲོང་ཁྱེར་དང་རྫོང་མང་པོ་ཞིག་གིས་ཀྱང་འབྲེལ་ཡོད་རྒྱལ་ཁབ་དང་། རྒྱལ་སྤྱིའི་མཛའ་མཐུན་གྱི་གྲོང་ཁྱེར། མཛའ་གྲོགས་རྩ་འཛུགས། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་ཐེམ་ཁུངས་ཀྲེ་ཅང་ནས་ཡིན་པའི་ཕྱིར་སྡོད་རང་མི་བཅས་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་རྒྱག་པ་དང་ལག་རྩལ་ཐད་ནས་རོགས་སྐྱོར་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་རིམས་ནད་ལ་འགོག་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་ཕྱི་ཕྱོགས་ལ་རོགས་སྐྱོར་ལས་དོན་སྤེལ་བཞིན་ཡོད།

མིག་སྔར། ཀྲེ་ཅང་ཞིང་ཆེན་གྱིས་རྒྱལ་ཁབ་45ཡི་རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་དང་། མཛའ་གྲོགས་རྩ་འཛུགས་དང་སྒྲིག་གཞི། དེ་བཞིན་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེ་མོ་ཁང་། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་བཅས་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་ཐེངས་152བརྒྱབ་པའི་ནང་ཁ་རས་སྣ་ཚོགས་ཁྱོན་ཁྲི་510དང་། འགོག་སྲུང་གྱོན་ཆས་ཆ་ཚང་ཁྲི་6.8 ལག་ཤུབས་ཁྲི་45.5བཅས་ཡོད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མིར་རིན་ཐང་སྒོར་ཁྲི་3600རི་བའི་ཁ་རས་ཁྲི་548.97དང་འགོག་སྲུང་གྱོན་ཆས་ཆ་ཚང་ཁྲི་1.2སོགས་ཞལ་འདེབས་བརྒྱབ་པ་རེད།

(སྐལ་མཆོག་གིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)