《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

ཁེར་གྷི་སི་ཐན་གྱི་ཙུང་ལི་གཞོན་པས་བསྟན་དོན།

ཀྲུང་གོ་ཕྱོགས་ཀྱིས་རོགས་རམ་བྱས་པའི་དངོས་ཟོག་གིས་ཁེར་གྷི་སི་ཐན་གྱི་རིམས་འགོག་ནུས་པ་སྔར་བས་ཆེ་རུ་འགྲོ་ངེས་རེད།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་གློག་འཕྲིན་འབྱོར་གསལ། ཁེར་གྷི་སི་ཐན་གྱི་ཙུང་ལི་གཞོན་པ་མཱ་དྷུ་མ་ལོ་ཕུས་ཚེས་11ཉིན་ཀྲུང་གོ་སྲིད་གཞུང་གིས་རོགས་རམ་བྱས་པའི་རིམས་འགོག་དངོས་ཟོག་གིས་ཁེར་གྷི་སི་ཐན་གྱི་རིམས་འགོག་ནུས་པ་སྔར་བས་ཆེ་རུ་འགྲོ་སྲིད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་རིམས་ནད་འགོག་རྒོལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

ཀྲུང་གོ་སྲིད་གཞུང་གིས་ཁེར་གྷི་སི་ཐན་གྱི་རིམས་འགོག་ལ་རོགས་རམ་བྱས་པའི་སྨན་བཅོས་འགོག་སྲུང་དངོས་ཟོག་ཁག་གཉིས་པ་རྩིས་སྤྲོད་རྩིས་ལེན་མཛད་སྒོ་གོང་ཚེས་ཉིན་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་འཚོགས་ཤིང་། ཁེར་གྷི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏུའུ་ཏེ་ཝུན་དང་མཱ་དྷུ་མ་ལོ་ཕུ་མཉམ་དུ་མཛད་སྒོར་ཞུགས་པ་དང་ཁེར་གྷི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་ཚོང་གཉེར་ཚན་ཙན་ལི་གཡོད་དང་ཁེར་གྷི་སི་ཐན་གྱི་རྒྱལ་དོན་དྲུང་ཆེ་ཧྲ་ཏེ་ཧཱ་ནོ་ཕུས་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་ལག་ཁྱེར་ལ་མིང་རྟགས་བཀོད་པ་རེད།

མཱ་དྷུ་མ་ལོ་ཕུས་ཁེར་གྷི་སི་ཐན་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་གིས་ཁེར་གྷི་སི་ཐན་ལ་སླར་ཡང་རིམས་འགོག་དངོས་ཟོག་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཁེར་གྷི་སི་ཐན་ལ་རིམས་ནད་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱས་པ་དང་འབྲེལ། སྨན་བཅོས་རིགས་གཅིག་མཁས་ཅན་བཏང་ནས་རིམས་ནད་འགོག་རྒོལ་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཡོད། ད་ཐེངས་ཀྲུང་གོ་སྲིད་གཞུང་གིས་རོགས་རམ་བྱས་པའི་དངོས་ཟོག་གིས་ཁེར་གྷི་སི་ཐན་གྱི་རིམས་ནད་འགོག་པའི་ནུས་པ་སྔར་བས་ཆེ་རུ་འགྲོ་སྲིད་ཅེས་བརྗོད།

ཏུའུ་ཏེ་ཝུན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ཀྲུང་ཁེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚོས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ཕན་ཚུན་ཞལ་པར་བསྐྱོན་རེས་གནང་ནས་ཐུན་མོང་ངོས་འཛིན་གྲུབ་ཡོད། ཀྲུང་གོ་སྲིད་གཞུང་གིས་སླར་ཡང་ཁེར་གྷི་སི་ཐན་ཕྱོགས་ལ་སྨན་བཅོས་དངོས་ཟོག་རོགས་སྐྱོར་བྱས་ནས་ཁེར་གྷི་སི་ཐན་ཕྱོགས་ཀྱི་རིམས་ནད་འགོག་རྒོལ་ལ་རོགས་རམ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།

ཀྲུང་གོ་སྲིད་གཞུང་གིས་ཁེར་གྷི་སི་ཐན་ལ་རོགས་རམ་བྱས་པའི་རིམས་འགོག་དངོས་ཟོག་ཁག་གཉིས་པའི་ནང་ཉིང་སྐྱུར་བརྟག་དཔྱད་སྨན་དང་། ཁ་རས་KN95སྨན་སྤྱོད་ཁ་རས། མིག་ཤེལ་སོགས་ཡོད་པ་རེད།