《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月11日

ཁྲང་ཆིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀོ་ཧྲི་ཏ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོ་རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་རྒྱལ་ཁོངས་ཀྲུང་གོའི་གྲུ་པར་རིམས་འགོག་མཁོ་ཆས་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཁྲང་ཆིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁྲང་ཆིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཉེ་དུས་ཁྲང་ཆིར་སྔ་རྗེས་སུ་ཐེངས་གཉིས་ཁ་བཀག་ནས་བཞག་པའི་ཀོ་ཧྲི་ཏ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོ་རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་ཀྱི་རྒྱལ་ཁོངས་ཀྲུང་གོའི་གྲུ་པར་རིམས་འགོག་མཁོ་ཆས་སྤྲད་དེ་རྒྱལ་ཁོངས་ཀྲུང་གོའི་གྲུ་པར་འཕྲད་པའི་དཀའ་ངལ་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་དང་ཐག་གཅོད་བྱས་ཡོད།

ཉེ་དུས་ཁྲང་ཆི་རུ་ཁ་བཀག་ནས་བཞག་པའི་ཀོ་ཧྲི་ཏ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོ་རྟགས་ཅན་གྱི་དབྱི་ཐ་ལིའི་འགྲུལ་སྐྱེལ་གྲུ་གཟིངས་ནང་མི་མང་པོ་རུབ་སྡོད་ཀྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་དོན་རྐྱེན་ཐོན་ཞིང་། འགྲུལ་སྐྱེལ་གྲུ་གཟིངས་དེར་རྒྱལ་ཁབ་30ལྷག་ནས་ཡོང་བའི་གྲུ་པ་623ཡོད་པ་དག་གཙོ་བོ་ཧྥི་ལི་ཕིན་དང་། ཧིན་རྡུ་ཉི་ཞི་ཡ། རྒྱ་གར། ཀྲུང་གོ་བཅས་ནས་ཡིན་པ་དང་དེའི་ཁྲོད་རྒྱལ་ཁོངས་ཀྲུང་གོའི་གྲུ་པ་82ཡོད་པ་རེད།

གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཁྲང་ཆིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་འཕྲལ་མ་ཉིད་དུ་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་ནས་རི་པིན་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ། རིམས་ནད་འགོས་པའི་གྲུ་པའི་གཟུགས་པོའི་བདེ་ཐང་གི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་པ་དང་སྦྲགས་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་གྲུ་པའི་དབར་སྐད་འཕྲིན་གྱི་འབྲེལ་བ་ཧུར་ཐག་བཙུགས་ནས་གྲུ་པའི་སེམས་པ་ལྷོད་ལ་འབབ་ཐབས་དང་རིམས་འགོག་གི་མཛུབ་ཁྲིད་ཀྱང་བྱས་པ་རེད། གྲུ་པའི་ཞིབ་ཕྲའི་འདུན་པ་ཤེས་རྗེས་ཁེ་སྐྱོང་ལས་ཤག་གིས་ཁེ་སྐྱོང་སྲུང་སྐྱོབ་དང་གཞོགས་འདེགས་ཧུར་ཐག་བྱས་ནས། གྲུ་པར་N95ཁ་རས་དང་སྤྱོད་གཅིག་མའི་སྨན་བཅོས་ཁ་རས་སོགས་དགོས་ངེས་ཀྱི་རིམས་འགོག་དངོས་ཟོག་སྔ་རྗེས་སུ་ཐེངས་གཉིས་སྤྲད་དེ་གྲུ་པར་འཕྲད་པའི་དཀའ་ངལ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར་ཞུས་བྱས)