《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月11日

མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་འགོ་ཁྲིད་མི་སྣས།

རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ལ་མཉམ་དུ་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏི་པི་ལི་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་འགོ་ཁྲིད་མི་སྣས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་རྒྱུར་མཉམ་དུ་ཁ་གཏད་གཅོག་དགོས་པའི་རེ་འབོད་བྱས་པ་རེད།

མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་ཡིས་གྲོས་འགོ་བཏོན་པ་བརྒྱུད“མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་འབྲེལ་གཏུག་ཚོགས་ཆུང་གི་དམིགས་བསལ་བརྙན་ལམ་དབུ་ཚོགས་འཚོགས་པ་རེད། ཚོགས་འདུར་ཞུགས་པའི་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་གཙོ་བདག་གིས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་ལ་གྲོས་འཆམ་མགྲིན་གཅིག་ཏུ་བྱས་པ་རེད།

གསལ་བསྒྲགས་ནང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གལ་ཆེའི་ནུས་པ་འདོན་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཁག་གིས་ཆ་འཕྲིན་དང་ཉམས་མྱོང་སྤེལ་རེས་སོགས་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་ཀུན་ལ་འཕྲད་པའི་རིམས་ནད་ཀྱི་འགྲན་སློང་འོག་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དེ་རྒྱལ་སྤྱིའི་འབད་འཐབ་ཀྱི་ལྟེ་བར་འགྱུར་བ་བྱ་རྒྱུའི་ནན་བཤད་བྱས་ཏེ། མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་ཁོངས་མིའི་རྒྱལ་ཁབ་ལ་ཕྱོགས་རྐྱང་པའི་ཐོག་ནས་བཀག་སྡོམ་བྱེད་པའི་བྱེད་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་བཀག་སྡོམ་དེ་དག་མེད་པ་བཟོ་དགོས་པའི་རེ་འབོད་བསྐྱར་བསྒྲགས་བྱས་ཡོད།

མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་ཁོངས་མིའི་རྒྱལ་ཁབ་40ལྷག་ཙམ་གྱི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་གཙོ་བདག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི། སྐབས་74པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་མུའུ་ཧན་མོ་ཏེ་པན་ཏི། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ། ཨ་ཧྥེ་རི་ཁ་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥ་ཅི། ཡོ་རོབ་མནའ་འབྲེལ་གྱི་མཐོ་རིམ་འཐུས་མི་བཅས་ད་ཐེངས་ཀྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་ཡོད་པ་རེད། (པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)