《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月11日

ཀུ་ཐེ་ལེ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་འཐབ་ཧུར་ཐག་བྱས་ན་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཡོ་རོབ་མནའ་འབྲེལ་གྱིས་གཙོ་གཉེར་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་ཞལ་འདེབས་དང་ལེན་ཚོགས་ཆེན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་པའི་འཕྲོད་བསྟེན་ཐད་འབད་འཐབ་བྱས་ཚེ་གཞི་ནས་མིག་སྔར་གོ་ལ་ཧྲིལ་པོར་གནོད་འཚེ་བཟོ་བའི་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ཅེས་བརྗོད་པ་རེད།

ཀུ་ཐེ་ལེ་སིས་ཏོག་གསར་གློ་ཚད་ཀྱིས་འཛམ་གླིང་གི་ས་ཕྱོགས་གང་སར་ཤུཌ་རྐྱེན་ངན་པ་བཟོས་ཡོད་ལ་མི་ཁྲི་300ལྷག་ཙམ་ལ་ཏོག་གསར་གློ་ཚད་འགོས་པ་དང་མི་ཁྲི་20ལྷག་ཙམ་གྲོངས་ཡོད་ཅེས་བརྗོད་པ་རེད། ཁོང་གིས་དེ་བས་ཐབས་རྡུགས་པའི་གནས་ཚུལ་ད་དུང་ཐོན་མེད། ནད་དུག་གིས་འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པའི་རྒྱལ་ཁབ་ལ་རྡབ་རྡེག་ཚབས་ཆེན་བཟོ་རྒྱུ་རེད་ཅེས་ཐ་ཚིག་བསྒྲཌ་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞལ་འདེབས་དང་ལེན་ཚོགས་ཆེན་ཐོག་ཡོ་སྒོར་དུང་ཕྱུར་74མཁོ་འདོན་བྱས་ནས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། དེ་བཞིན་དྲང་གཞག་ངང་བགོ་བཤའ་སོགས་ཀྱི་ལས་དོན་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྤྱོད་རྒྱུའི་ཁས་ལེན་བྱས་པ་རེད།

ཀུ་ཐེ་ལེ་སིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དང་སྨན་བཅོས་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བགོ་བཤའ་སོགས་ཀྱི་ལས་དོན་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་བྱེད་མགྱོགས་སུ་གཏོང་བའི་བརྙན་ལམ་ཚོགས་འདུའི་ཐོག་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དང་སྨན་བཅོས་ཡོ་བྱད་མི་ཀུན་ལ་རག་རྒྱུ་རེད་ཅེས་བརྗོད། ཁོང་གིས་འབྲེལ་ཡོད་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱ་རྒྱུ་དེ་རྒྱལ་ཁབ་གཅིག་དང་ས་ཁུལ་གཅིག་གམ་ཡང་ན་མི་ཁག་གཅིག་གི་ཆེད་དུ་མིན་པར་འཛམ་གླིང་ཡོངས་ཀྱི་མི་ཡོད་དོ་ཅོག་ལ་ཁྱབ་པར་བྱ་རྒྱུ་དེ་ཡིན། འབྲེལ་ཡོད་ཡོ་བྱད་དངོས་ཕན་དང་། བདེ་འཇགས། ནུས་ཆེ། སྤྱོད་སླ་བ་བཅས་དགོས་པའི་ནན་བཤད་བྱས་པ་རེད། (བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)