《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月11日

དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆར་དོ་སྙོམས་རྒྱུན་འཁྱོངས་ཐུབ་པ།

སླད་ཕྱིན་སྤྱི་ཡོངས་ཀྱི་དོ་སྙོམས་རྨང་གཞི་སྔར་བཞིན་བརྟན་དུ་འགྲོ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། “སྤྱི་ཡོངས་ནས་བལྟས་ཚེ། 2020ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་ཐད་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཡོད་ནའང་། རྩ་བའི་ཆར་དོ་སྙོམས་གནས་ལ་སྔར་བཞིན་རྒྱུན་འཁྱོངས་ཐུབ་ཡོད། རྒྱུན་གཏན་རྩིས་ཁྲའི་གཏོང་སྒོ་དང་ཡོང་སྒོ་མི་མཐུན། ཐད་ཀའི་མ་འཇོག་རྒྱུན་མཐུད་མང་བའི་གནས་སུ་ལྷུང་ཡོད”ཅེས་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་སྤྱི་ཁྱབ་དཔལ་འབྱོར་བ་ཝང་ཁྲུན་དབྱིན་གྱིས་ཉེ་དུས་འདི་ལོའི་དུས་ཚིགས་དང་པོའི་རྒྱལ་སྤྱིའི་གཏོང་ཡོང་གི་གནས་སྟངས་སྐོར་ལ་དེ་ལྟར་བཤད།

ཞིབ་པར་བལྟས་ཚེ། དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་གནས་སྟངས་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་པ་སྟེ།

གཅིག་ནི། དངོས་ཟོག་ཉོ་ཚོང་གཏོང་མང་ཡོང་ཉུང་གི་ཧེ་བག་རྒྱུན་འཁྱོངས་ཐུབ་ཡོད། ལོ་འགོའི་ངལ་གསོའི་རྒྱུ་རྐྱེན་དང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་དུས་ཚིགས་དང་པོར་རྒྱལ་སྤྱིའི་གཏོང་ཡོང་དགོས་མཁོའི་དངོས་ཟོག་ཉོ་ཚོང་ཐད་གཏོང་མང་ཡོང་ཉུང་གི་ཧེ་བག་ཨ་སྒོར་དུང་ཕྱུར་264ཟིན་པ་དང་།

གཉིས་ནི། ཞབས་ཞུའི་ཉོ་ཚོང་ཐད་གཏོང་ཉུང་འདྲེན་མང་གི་ཧེ་བག་ཅུང་ཆུང་བ་ཡོད། དུས་ཚིགས་དང་པོར་ཞབས་ཞུའི་ཉོ་ཚོང་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཨ་སྒོར་དུང་ཕྱུར་470ཟིན་པ་དེ་དུས་མཚུངས་ལས་26%ཆག་པ་དང་། ཡུལ་སྐོར་ལས་རིགས་དང་སྐྱེལ་འདྲེན་ནི་སྔར་བཞིན་གཏོང་ཉུང་འདྲེན་མང་གི་ཧེ་བག་ལྡན་གཞི་གཙོ་བོ་ཞིག་ཡིན།

གསུམ་ནི། ཐད་ཀར་མ་འཇོག་བྱེད་རྒྱུན་མུ་མཐུད་གནས་པ། དུས་ཚིགས་དང་པོར་ཐད་ཀར་མ་འཇོག་བྱེད་རྒྱུན་ཨ་སྒོར་དུང་ཕྱུར་149ཟིན་པ་དེ་གཙོ་བོ་ཀྲུང་གོར་ཐད་ཀར་མ་འཇོག་བྱེད་རྒྱུན་ཨ་སྒོར་དུང་ཕྱུར་336ཟིན་པ་ལས་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱིས་ཀྲུང་གོར་མ་འཇོག་བྱས་ནས་ལས་རིགས་དར་སྤེལ་གཏོང་འདོད་ཀྱི་ཡུན་རིང་འདུན་པ་ཞིག་མཚོན་པ་དང་། རང་རྒྱལ་གྱིས་ཕྱི་རྒྱལ་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་187ཟིན་པ་ལས་ཁེ་ལས་ཀྱིས་ཕྱི་རྒྱལ་ལ་མ་འཇོག་བརྟན་པའི་ཁར་གོ་རིམ་ལྡན་པ་ཞིག་མངོན་པ་བཅས་རེད།

ཝང་ཁྲུན་དབྱིན་གྱིས་ད་ཆ་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་བཟང་བའི་ཕྱོགས་སུ་མུ་མཐུད་འགྲོ་བཞིན་ཡོད་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་རིམ་བཞིན་རྒྱུན་གཏན་གྱི་ཚད་དུ་སླེབས་ཉེར་ཡོད་པའམ་ཡང་ན་སླེབས་ཟིན་ཡོད། རང་རྒྱལ་གྱི་དཔལ་འབྱོར་ལ་འཕེལ་ཤུགས་ཀྱི་ནུས་པ་ཆེན་པོ་མངོན་པ་དང་། དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་བཟང་སྒྲིག་བྱུང་བ། སྒྱུར་བཅོས་སྒོ་དབྱེ་མུ་མཐུད་ཟབ་ཏུ་གཏོང་བཞིན་ཡོད་པར་བརྟེན་སླད་ཕྱིན་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆར་དོ་སྙོམས་པའི་རྨང་གཞི་སྔར་བཞིན་བརྟན་དུ་འགྲོ་རྒྱུ་རེད་ཅེས་བཤད། (པ་སངས་ཚེ་རིང་གིས་བསྒྱུར། སྒྲོན་ལགས་དང་པ་ཚེས་ཞུས)