《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

མཚོ་སྔོན་གྱིས་མགོ་སྐོར་བཏང་ནས་གན་རྒྱ་བཞག་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པའི་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་2000ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ཟླ་12པར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གིས་མགོ་སྐོར་བཏང་ནས་གན་རྒྱ་བཞག་པའི་གྱོད་གཞི་ཞིག་བདག་སྤྲོད་བྱས་པ་རེད། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། གཞུང་ཁོངས་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་ཞིག་གིས་ཁག་ཐེག་བྱས་པའི་དངུལ་ཁང་གི་དངུལ་བུན་མང་པོ་དུས་བཀག་ལྟར་འཇལ་མེད་པ་དང་། ཁག་ཐེག་བྱ་ཡུལ་དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་རེ་ཞུའི་དཔྱད་ཡིག་རྫུས་མ་ཡིན་པ་མ་ཟད། ད་དུང་ཉེ་ལམ་ལོ་ལྔའི་རིང་གི་གཉེར་སྐྱོང་གནས་ཚུལ་གཞན་དང་མི་འདྲ་བ་ཞིག་ཡོད་པ་རེད།

གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་དམངས་གཉེར་ཁེ་ལས་མཚོ་སྔོན་གྱི་ལྕི་བའི་བཟོ་ལས་ངར་ལྕགས་གྲུབ་ཆ་ཚད་ཡོད་ཀུང་སི་ཞིག་ལ་མུ་མཐུད་བརྟག་དཔྱད་བྱེད་སྐབས། ཀུང་སི་དེའི་ལས་སྒོ་སྒྲུབ་མཁན་ལིའུ་ཆེ་གེ་མོ་དང་ཐན་ཆེ་གེ་མོས་དཔྱད་ཡིག་རྫུས་མ་མཁོ་འདོན་བྱས་ནས་གཞུང་ཁོངས་མ་རྐང་ཚོད་འཛིན་ཀུང་སི་ཞིག་གི་ཁག་ཐེག་ཐོབ་རྗེས་དངུལ་ཁང་གི་དངུལ་བུན་རག་ཐབས་བྱས་པས། ཁག་ཐེག་བྱེད་མཁན་ཁེ་ལས་ཀྱིས་དངུལ་ཁང་ལ་སྒོར་ཁྲི་2000ལྷག་ཙམ་ཚབ་སྤྲོད་བྱེད་དགོས་བྱུང་བ་རེད། 2020ལོའི་ཟླ་4ཚེས་2ཉིན། སྤྱི་བདེ་ལས་ཁུངས་ཀྱིས་མགོ་སྐོར་བཏང་ནས་གན་རྒྱ་བཞག་པའི་དོགས་གཞི་ཡོད་པའི་གྱོད་གཞི་འདི་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་ཚོང་དོན་ཉིང་ལག་རུ་ཁག་གི་རུ་དཔོན་ཀྲང་ཤོན་མིང་གིས། ཉེས་གསོག་དོགས་ཅན་གཉིས་པོ་དེ་གོང་ཁ་དན་ཚིག་ལ་མ་གནས་པའི“སྒལ་རལ་འཚོང་མཁན”གྱི་མིང་ཐོའི་ནང་བཅུག་ཡོད། བུ་ལོན་ལ་གཡོལ་ནས་གང་སར་བྲོས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་ཞིང་ཆེན་ཕྱི་ནང་དུ་ཁུངས་སྣེ་རྩད་གཅོད་བྱེད་པར་ཐེངས་མང་བསྐྱོད་པ་རེད། ཟླ་4ཚེས་23ཉིན། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་ལིའུ་ཆེ་གེ་མོ་དང་ཐན་ཆེ་གེ་མོ་ཧོ་ནན་ཞིང་ཆེན་ཞུས་ཁྲང་གྲོང་ཁྱེར་ནས་འཛིན་བཟུང་བྱས་པ་རེད།

འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གྱིས་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་ཁོ་གཉིས་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་ཡོད་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)