《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

བོད་ལྗོངས་ཉིང་ཁྲིས་མང་ཚོགས་ཉེ་འགྲམ་གྱི“རུལ་སུངས་ཙག་ཙིག”ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་གྱི“མཐའ་མའི་འགག་གནད”སེལ་བའི་ལས་དོན་ཡག་པོ་བསྒྲུབས་པ།

“ཐག་གཅོད་བྱས་འབྲས་ལ་ང་རྦད་དེ་བློ་ཡིད་ཚིམ་སོང་། གོང་ཞུ་བྱས་པའི་གནད་དོན་ལ་ཁྱེད་ཚོས། མཐོང་ཆེན་པོ་འདི་འདྲ་བྱེད་ཀྱི་རེད་བསམ་མ་བྱུང་། ད་ཆ་ངའི་ལག་ཁྱེར་གཉེར་ཚར་སོང” བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་མི་སྣས“རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་མི་སྣའི་རྣམ་འགྱུར་ཞན་པ་དང་རྐང་བཙུགས་ནས་ཁག་པོ་བཟོ་བ”སོགས་ཀྱི་གནད་དོན་ལ་དམིགས་ནས་རིམ་གྱིས་ཚུར་ལན་བྱས་པའི་སྐོར་མང་ཚོགས་ཀྱིས་ལས་དོན་མི་སྣར་བརྗོད།

འདི་ནི་ཉིང་ཁྲི་གྲོང་ཁྱེར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་བརྟག་དཔྱད་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་འཕྲལ་དུ་ལན་བརྒྱབ་ནས་ལྟ་སྐུལ་སྒྲིག་བསྟར་གྱི“མཐའ་མའི་འགག་གནད”སེལ་བའི་ལས་དོན་ཡག་པོ་བསྒྲུབས་པའི་བསྡུས་རིས་ཤིག་རེད།

“གྲོང་ཚོའི་ལམ་སྒྲོན་ཡག་པོ་བསྒར་ཡོད་དམ” “གྱང་གས་པའི་གནད་དོན་ཐག་གཅོད་བྱུང་སོང་ངམ”སོགས་ཀྱི་གནད་དོན་ལ་དམིགས་ནས། ཉེ་དུས་རྫ་ཡུལ་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་རུའུ་ཁྲང་ཁྲུན་གྱིས་རུ་སྣེ་འཁྲིད་དེ་འགོ་ཡུལ་ཤང་པ་ཡུལ་གྲོང་ཚོར་བསྐྱོད་དེ། ལྡིང་ཆུ་ཚོགས་ཆུང་གི་མང་ཚོགས་ལ་ལས་ཐེར་འདོན་བྱས་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭར་ལྷག་པའི་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཚུལ་ལ་བརྟག་དཔྱད་བྱས་པ་རེད།

2019ལོའི་ལོ་འགོར། པ་ཡུལ་གྲོང་ཚོའི་གྲོང་མི་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དུ་ཡོང་ནས། ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭར་ལྷག་པའི་སྤུས་ཚད་ཞན་པའི་གནད་དོན་དང་། ལམ་ཁག་གཅིག་ལ་ལམ་སྒྲོན་བསྒར་མེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་བཟོ་བཅོས་བརྒྱབ་པ་སོགས་ཀྱི་གནད་དོན་ཐེན་འདོན་བྱས་པ་རེད། རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་འཕྲལ་དུ་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད་གྲོང་ཚོའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭ་བསྐྲུན་པའི་ཁྲོད། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་གང་བྱུང་དུ་བཟོ་བཅོས་བརྒྱབ་པ་དང་། རྣམ་གྲངས་ལག་བསྟར་ཆ་མི་ཚང་བ། རྣམ་གྲངས་ཞིབ་བཤེར་རྩིས་ལེན་ནན་པོ་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བ་རེད།

“ཁྱེད་ལ་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་དངུལ་རག་བྱུང་ངམ” “ཁྱེད་ཚོའི་གྲོང་ཚོའི་དབུལ་སྐྱོར་ལས་དོན་ཁྲོད་ཉེ་དགའ་ཕྱོགས་ཞེན་གྱི་གནས་ཚུལ་དང་མ་དངུལ་གཞན་སྤྱོད་ཀྱི་གནས་ཚུལ་ཡོད་དམ” ཉེ་དུས་སྨན་གླིང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་འཇོག་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱས་པ་མ་ཟད། ལས་བྱེད་པ་19སྒྲིག་འཛུགས་བྱས་ཏེ་ཚོགས་ཆུང་ཁག་བགོས་ཀྱིས་རྫོང་ཡོངས་ཀྱི་ཤང་གྲོང་8དང་གྲོང་ཚོ་19ལ་བསྐྱོད་པ་དང་འབྲེལ་བློ་འདྲི་ཚོགས་ཆུང་བཙུགས་ནས་བསམ་འཆར་བསྡུ་ལེན་གྱི་ལས་དོན་སྤེལ་བ་རེད། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པ་དང་མང་ཚོགས་སྤེལ་རེས་བྱས་པ་བརྒྱུད། གཞི་རིམ་གྱི་དཀའ་ངལ་དང་རེ་ཞུ་ཤེས་རྟོགས་བྱུང་བ་མ་ཟད་འགལ་ཟླ་དང་གནད་དོན་གཞི་རིམ་དུ་ཐག་གཅོད་ཐུབ་ཡོད།

2019ལོ་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་ཙག་ཙིག་གི་གནད་དོན་གྱི་ཁུངས་སྣེ་158བདག་སྤྲོད་བྱས་པ་མ་ཟད། གྱོད་གཞི་134ཐག་གཅོད་དང་། གྱོད་གཞི་43ཐོ་བཀོད། གྱོད་གཞི་46ཐག་གཅོད། མི་58ལ་ཏང་ཁྲིམས་དང་སྲིད་འཛིན་གྱི་ཆད་པ་བཅད་པ། རྩ་འཛུགས་ཀྱིས་མི་28ལ་ཐག་གཅོད། མི་3ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་པ་བཅས་བྱས་ཡོད། གྱོད་གཞི་14དང་མི་28ཀྱི་མིང་དམར་འདོན་བྱས་པ་དང་མི་7གྱིས་མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་བཏང་བའི་དཔེ་མཚོན་གྱོད་གཞི་5ཡོངས་བསྒྲགས་བརྡ་ཁྱབ་བཏང་ནས་དམར་འདོན་བྱས་པ་རེད།

“འགན་འཁྲི་མི་ཁུར་བ་དང་ལས་དོན་མི་སྒྲུབ་པ་དང་། མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་འཇོག་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་བཏང་ནས་དམར་འདོན་བྱས་པ་དེ་ཐོག་ནས། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྤྱོད་གཙང་སྒྲིག་ནན་གྱི་ཆོད་སེམས་མཚོན་པ་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྱོད་གཙང་རང་འདོམས་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་གཙང་ལྟ་ཞིབ་ཁང་གི་ཀྲུའུ་རེན་ཐང་སེན་ཧུང་གིས་བརྗོད་པ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)