《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月01日

ཝང་དབྱི་འབོ་གསེར་རྒྱལ་ཁབ་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་དམིགས་བསལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུར་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཝང་དབྱི་ཚེས་28ཉིན་གྱི་དགོང་མོ་པེ་ཅིང་དུ་འབོ་གསེར་རྒྱལ་ཁབ་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་དམིགས་བསལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་འདི་ལོའི་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་ལའོ་རུའོ་དང་། རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅེ་ཧྲེང་། ལྷོ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་པུའུ་ཀྲང་ཕན་ཏོར་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝང་དབྱི་ཡིས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འཇིགས་སྐུལ་ཆེན་པོ་བཟོས་ཡོད་པས་འབོ་གསེར་རྒྱལ་ཁབ་ཀྱིས་གདམ་ག་ཡང་དག་བྱས་ཏེ་བྱ་སྤྱོད་ནུས་ལྡན་སྤེལ་དགོས་ཞེས་གསུངས་པ་རེད།

ཝང་དབྱི་ཡིས་གཅིག་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་ལྟ་བ་དར་སྤེལ་གཏོང་བ་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བདེ་འཇགས་དང་བདེ་བླག་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

གཉིས་ནས་ཕྱར་བ་གྲུ་འདེགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་གྱི་བདག་དབང་དང་རྒྱལ་བབ་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབོ་གསེར་རྒྱལ་ཁབ་དབར་རིམས་ནད་ཀྱི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། རིམས་འགོག་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་ནུས་ལྡན་ངང་སྤེལ་འདོད་ཡོད།

གསུམ་ནས་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་རིམས་ནད་འགོག་རྒོལ་ལ་འདོན་དགོས་ངེས་ཀྱི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས།

བཞི་ནས་གསར་གཏོད་ཡར་བརྩོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཨུ་རུ་སུ་ཕྱོགས་ཀྱིས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ《འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་ཟླའི་འཐབ་ཇུས་2025》ཡི་གྲོས་འགོ་བཟོ་རྒྱུ་ཡིན།

རྒྱལ་ཁབ་ལྔ་པོའི་ཕྱི་འབྲེལ་པུའུ་ཀྲང་གིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ། འབོ་གསེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད། ཕྱོགས་ཁག་ཚང་མས་འབོ་གསེར་རྒྱལ་ཁབ་ཀྱིས་ངེས་པར་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། རིམས་ནད་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ། སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་བྱེད་པ། ནད་དུག་ལ་དེ་བས་ཁ་གཏད་ནུས་ལྡན་གཅོག་པ། འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བཅས་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་ཧུར་ཐག་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།

(བསྟན་བློས་བསྒྱུར། བསོད་བདེ་གཞོན་པས་ཞུས)